ན་གཞོན་རྩོམ་པ་པོ་གསེར་ཀུན་དགའི་གནས་ཚུལ་རགས་བཀོད།

དབལ་ཤུལ་དཔལ་བཟང་།        2018-11-23

གངས་ཅན་རྩོམ་རིག་ལྷ་ལམ་ཡངས་པོའི་ངོགས།།

ཇི་བཞིན་བགྲོད་པའི་འདུན་པ་མ་ལྷོད་པའི།།

ཕུགས་བསམ་གཤོག་རྩལ་བསྐྱོད་པའི་གཞོན་ནུ་ཁོང་།།

རེ་བའི་ཡིད་མཁར་འཚེར་བའི་རྒྱུ་སྐར་ལགས།།

དེ་ཡང་ན་གཞོན་རྩོམ་པ་པོ་གསེར་ཀུན་དགའ་ནི་སྤྱི་ལོའི་༡༩༩༧ལོར་མདོ་ཁམས་དབལ་ཤུལ་གསེར་རྟའི་ས་ཡི་ཆར་ཧོར་ཤུལ་སྡེ་བའི་དུད་ཁྱིམ་དཀྱུས་མ་ཞིག་ཏུ་ཕ་ཁབ་བྲང་འདོད་འབྱུང་དང་མ་མགོན་ཤུལ་མཛེས་ལོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། སྤྱི་ལོའི༢༠༠༤ལོར་རང་ཡུལ་གྱི་ལྟེ་གནས་སློབ་ཆུང་གི་སྒོ་ཐེམ་དུ་ཤེས་རིག་གི་གོམ་སྟབས་དང་པོ་བསྒྱུར་ཞིང་། དེ་ནས་རིམ་གྱིས་རྫོང་དང་ཁུལ་སོགས་ཀྱི་སློབ་གྲྭ་ཆེ་ཆུང་དག་འགྲིམ་པའི་སྐལ་བ་ཐོབ། ཁོ་རང་ཆུང་ངུའི་དུས་ནས་བཟུང་རྩོམ་རིག་འབྲི་ཀློག་ལ་དགའ་མོས་ཤིན་ཏུ་ཆེ་ཞིང་། སློབ་འབྲིང་གི་སྐབས་སུ་རྩོམ་ཡིག་དུ་མ་བྲིས་ཏེ་གསེར་རྟའི་གསར་འཕྲིན་གཙོར་གྱུར་བའི་སློབ་གྲྭའི་ཆེད་དེབ་དང་ཚགས་པར་སོགས་སུ་འགོད་མྱོང་། གསེར་སློབ་རའི་ལྗང་མྱུག་གི་རྩོམ་པ་པོའི་མིང་ཡང་ཁུར་མྱོང་། ཁོས་ཁྱིམ་མིའི་སྐུལ་སློང་སོགས་རང་གི་མི་ཚེར་ཤུགས་རྐྱེན་ཐེབས་ངེས་ཀྱི་བསླབ་བྱ་སོགས་ཡོད་མེད་ལ་མ་ལྟོས་པར། སློབ་སྦྱོང་ལ་ནན་ཏན་བསྐྱེད་ཏེ་རང་གི་ཕུགས་བསམ་གྱི་བཤུལ་ལམ་རྡོག་པས་མནན་ཏེ་སོང་། སློབ་གྲྭ་འགྲིམ་པའི་སྐབས་སུ་སློབ་གྲྭའི་དབྱར་གནང་དང་དགུན་གནང་སོགས་ཀྱི་ཁོམ་སྐབས་བེད་སྤྱད་དེ། རང་མོས་ཀྱིས་རྨ་ཡུལ་སེང་འབྲུག་ཀུན་ཕན་བརྩེ་སྐྱོང་སློབ་གླིང་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སོགས་སུ་ཕྱིན་ཏེ། བོད་ཀྱི་ལོ་རྒྱུས་དང་བརྡ་སྤྲོད་ཀྱི་སྐོར་ལ་འབད་པ་ཤ་ཐང་དུ་བསྐྱེད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཕྱིན་ཏེ་བོད་ཀྱི་ལོ་རྒྱུས་དང་སེམས་ཁམས་རིག་པ། སྐད་བརྡ་རིག་པ་སོགས་སྦྱངས་། ཞོར་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་རང་སྦྱོང་གི་ཚུལ་གྱིས་བོད་ཀྱི་རྩོམ་རིག་དང་ཡིག་བསྒྱུར་གཉིས་ཆེད་དུ་སྦྱངས་ནས་མཐར་སློབ་གྲྭ་དེ་གའི་དངོས་གཞི་སློབ་མའི་ལག་རྟགས་བླངས། སྤྱི་ལོའི༢༠༡༢ལོར་དཀར་མཛེས་དགེ་འོས་སློབ་གྲྭ་འགྲིམ་པའི་གོ་སྐབས་ནོད་ཅིང་། སྤྱི་ལོའི༢༠༡༠ལོར་དཀར་མཛེས་ཁུལ་གྱི་གནའ་སྒྲུང་རྩོམ་རིག་གི་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། ༢༠༡༣ལོར་ལྗོངས་ཞིང་ལྔའི་མཐོ་འབྲིང་སློབ་མའི་བརྩམས་ཆོས་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། དེ་ལྟར་སྔ་ཕྱིར་གཞུང་འབྲེལ་གྱི་སློབ་གྲྭ་ཆེ་ཆུང་མང་དུ་འགྲིམ་ནས་རྒྱ་བོད་ཀྱི་སྐད་ཡིག་དང་། ལྷག་ཏུ་མཁྱེན་རྒྱ་ཟབ་པའི་དགེ་རྒན་ཆེན་མོ་ཚེ་རིང་དཔལ་འབྱོར་དང་། ཧོར་ཁོག་ཟླ་བ་བཟང་པོ། ལྕང་ཞབས་པ་འགྱུར་མེད་ཚེ་དབང་སོགས་དགེ་རྒན་མང་དུ་བསྟེན་ཏེ་གངས་ཅན་རིག་གཞུང་ལ་སློབ་སྤྱོང་ནན་ཏན་བྱས། ༢༠༡༦ལོར་དཀར་མཛེས་ཁུལ་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་ཤར་ཉག་ཆུ་རྫོང་གི་ཁོང་གཏོགས་བྲག་དཀར་ནང་བསྟན་ཤེས་རིག་སློབ་གླིང་དུ་བོད་ཀྱི་ལོ་རྒྱུས་ཁྲིད་པའི་ཁུར་བཞེས། དེ་ནས་བགྲང་བྱ་གཅིག་གི་རྗེས་སུ་རང་ཡུལ་གྱི་གཞི་རིམ་ས་ཁུལ་དུ་དགེ་རྒན་གྱི་བྱ་བའི་ལས་གནས་སུ་ཞུགས། དེའི་རྗེས་ནས་སྔར་བཞིན་རྩོམ་རིག་གསར་རྩོམ་གྱི་ཕྱོགས་ལ་འབད་པ་བསྐྱེད་དེ་སྔ་རྗེས་སུ་ཁམས་ཁུལ་གྱི་དུས་དེབ་ཆེ་གྲས་གངས་དཀར་རི་བོ་དང་ཀྲུང་གོའི་ཆེས་མཛེས་པའི་དུས་དེབ་ཀྱི་མཚན་སྙན་ཐོབ་པའི་དུས་དེབ་ཁ་བཏགས་དཀར་པོ་དང་ཁམས་པའི་ཚགས་པར་སོགས་སུ་དཔྱད་རྩོམ་དང་སྙན་རྩོམ་དུ་མ་སྤེལ།

རྩོམ་རིག་གི་ལམ་ཁར་ཞུགས་པའི་བརྒྱུད་རིམ།

དེ་ཡང་གསེར་ཀུན་དགའི་བྱིས་དུས་ཀྱི་འཚོ་བ་ནི་འབྲོག་པའི་བུ་ཕྲུག་གཞན་དག་ལྟར་ནག་ནོག་གིས་མ་གོས་པའི་ཧ་ཅང་དྭངས་གཙང་ཞིག་ཡིན་ལ། ཆུང་དུས་སུ་ཁོའི་ཕ་ལགས་གེ་སར་གྱི་སྙན་སྒྲུང་ཁྲོད་ནས་ཧོར་གླིང་གཡུལ་འགྱེད་ཀློག་རྒྱུར་ཤིན་ཏུ་དགའ་བའི་གོམས་གཤིས་དེས། ཁོ་ལའང་རྩོམ་རིག་གི་ལས་ལ་འཇུག་རྒྱུར་བག་ཆགས་མི་དམན་པ་ཞིག་བྱིན། ཕྱིས་སུ་སློབ་གྲྭ་རིམ་བགྲོད་ཀྱི་སྐབས་སུ་བྲིས་པའི་རྩོམ་ཡིག་དག་གི་ས་བོན་ཡང་ཆུང་དུས་སུ་ཕ་ལགས་ཀྱི་ངག་ནས་ཐོས་པའི་གླིང་སྒྲུང་གི་བག་ཆགས་དེ་ཡིན་ངེས།

ཁོས་རང་གི་ཆུང་དུས་ཀྱི་རྩོམ་རིག་གི་བག་ཆགས་དེར་སྦྱང་བརྩོན་གྱིས་གསོས་བཏབ་སྟེ་ལམ་ཁ་དེར་མུ་མཐུད་དུ་ཞུགས། སློབ་འབྲིང་གི་སྐབས་སུ་སློབ་གྲྭས་གཉེར་བའི་གསེར་སློབ་རྭའི་ལྗང་སྨྱུག་རྩོམ་པ་པོའི་མཚན་སྙན་ཐོབ། དེ་ནི་ཁོ་ལ་མཚོན་ལ་མི་ཚེ་འདིར་རང་གི་འབད་བཞིན་པའི་ལམ་ཁ་དེར་གཞན་གྱི་གདེང་འཇོག་དང་སྐུལ་སློང་གི་སེམས་ཤུགས་བསྩལ་པ་ཐེངས་དང་པོ་ཡིན། མུ་མཐུད་དུ་སློབ་གྲྭས་གཉེར་བའི་བོད་ཡིག་དང་རྒྱ་ཡིག་གཉིས་ཆར་གྱི་ཆེད་དེབ་དང་ཚགས་པར་དག་གི་སྟེང་དུ་རྩོམ་ཡིག་དུ་མ་བཀོད་དེ། རང་གི་ཕུགས་བསམ་གྱི་གཤོག་རྩལ་ངོམ་སའི་ཁོར་ཡུག་ཅུང་རྒྱ་ཆེ་བ་ཞིག་རྙེད། དུས་སྐབས་དེའི་དབྱར་གནང་དང་དགུན་གནང་སོགས་སུ་གཞན་གྱིས་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར། རང་ས་གནས་ཀྱི་དགོན་པ་དང་ལྷག་པར་དུ་རྨ་ཡུལ་སེང་འབྲུག་ཀུན་ཕན་བརྩེ་སྐྱོང་སློབ་གླིང་སོགས་སུ་ཕྱིན་ཏེ་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་ཡིག་གཟུགས་སོགས་ལ་ཆེད་དུ་འབད་པ་བྱས། སློབ་གྲྭ་དེའི་དགེ་རྒན་དག་གིས་བྱམས་སྐྱོང་དང་གནད་སྨིན་གྱི་སློབ་ཁྲིད་དག་གིས་ཁོའི་མི་ཚེའི་ཁྲོད་བརྗེད་དུ་མི་བཏུབ་པའི་སྐུལ་ལྕགས་ནན་མོ་ཐེབས། དེ་ནས་བཟུང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་སུ་ཕྱིན་ཏེ་གསབ་སྦྱོང་བྱས། སྤྱི་ལོའི༢༠༡༢་ལོར་དཀར་མཛེས་དགེ་འོས་སློབ་གྲྭ་རུ་ཕྱིན་ཏེ་དགེ་རྒན་ཆེན་མོ་ཧོར་ཁོག་ཟླ་བ་བཟང་པོ་སོགས་ཀྱི་མདུན་ནས་རྩོམ་རིག་གཙོར་གྱུར་བའི་བོད་ཀྱི་རིག་གནས་ལ་འབད་པ་བྱས། ༢༠༡༤ལོར་ལྗོངས་ཞིང་ལྔའི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། དེ་ནས་བློ་གྲོས་ཀྱི་ན་སྨིན་དང་མཉམ་དུ་དཔྱད་རྩོམ་འབྲི་བའི་ལམ་ཁར་ཞུགས་ཤིང་། སྔ་ཕྱིར《བོད་ཀྱི་སློབ་གསོའི་གོ་དོན་ལ་ཕྲན་ཙམ་དཔྱད་པ་དབྱར་འགོ་མའི་མེ་ཏོག》་ཅེས་པ་དང《ནུབ་ཕྱོགས་ཀྱི་དུས་རབས་གསུམ་དང་འབྲེལ་ནས་སློབ་གསོ་ཏོག་ཙམ་གླེང་བ།》དང《བརྩོན་འགྲུས་དང་འདྲ་མཉམ་བདེ་སྐྱིད།》སོགས་སློབ་གསོའི་སྐོར་གྱི་དཔྱད་རྩོམ་དང་། གཞན་ལོ་རྒྱུས་ཀྱི་སྐོར་ལའང《བོན་གྱི་འཕེལ་རིམ་གསུམ་གྱི་སྐོར་གླེང་བ།》དང《ཐོན་མིའི་མ་ཡུམ་གྱི་མཚན་ལ་ཕྲན་ཙམ་དཔྱད་པ།》 དང་《བོད་བཙན་པོའི་དུས་སྐབས་ཀྱི་ལོ་ཙྰ་བའི་གནས་སྟངས།》དང《ཚ་ཁོའི་ཡུལ་གྱི་མཐོང་ཐོས།》སོགས་ཡོད་ཅིང་། ད་དུང་ཁོང་གིས་རྒྱ་ཡིག་གི་རྩོམ《岭格萨尔与传格萨尔》དང《趣谈霍西名称的由来》 ད་དུང《民间文学是作家文学产生的源泉》སོགས་དཔྱད་རྩོམ་རིང་ཐུང་མང་དུ་བྲིས་ཏེ་སྤྱི་ཚོགས་ཀྱི་དུས་དེབ་སྣ་ཚོགས་དང་ཁམས་པའི་ཚགས་པར་སོགས་ཀྱི་སྟེང་དུ་བཀོད།

ལོ་ཙཱའི་ལམ་ཁར་ཞུགས་པའི་བརྒྱུད་རིམ།

དེ་ལྟར་སློབ་སྦྱོང་གི་བར་གསེང་ནས་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་བརྒྱ་ཕྲག་ལྷག་བྲིས་པ་མ་ཟད། རྒྱལ་ཕྱི་ནང་གི་མཁས་པ་དུ་མའི་གསུང་རྩོམ་སྒྱུར་པའི་ལམ་ཁར་ཞུགས། དེ་ཡང་མཁན་ཆེན་དམ་པ་བསོད་དར་རྒྱས་ལགས་ཀྱིས་རྒྱ་ཡིག་ཏུ་བྲིས་པའི་གསུང་རྩོམ་དག་བོད་ཡིག་ཏུ་བསྒྱུར་ཏེ་ཁམས་ཁུལ་གྱི་དུས་དེབ་ཆེ་གྲས་གངས་དཀར་རི་བོའི་སྟེང་དུ་བཀོད། མཁན་ཆེན་དམ་པ་ཁོང་ལ་དངོས་སུ་སྤྱན་བསྟར་ཞུས་ནས་དམ་པ་གང་ཉིད་ཀྱིས་ཀྱང་གསུང་གི་དབུགས་དབྱུང་ཡང་ཐོབ། དེ་མིན་རང་ཡུལ་གྱི་དར་ལྕེ་ལོ་དེབ་སོགས་ཀྱི་སྟེང་དུའང་བསྒྱུར་རྩོམ་སོགས་མང་དུ་སྤེལ་ཡོད། ལྷག་དོན་ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ་འབད་པ་བླ་ལྷག་བསྐྱེད་དེ་རྒྱའི་སྙན་ངག་པ་གྲགས་ཅན་པེན་ཞུན་ལགས་ཀྱིས་བརྩམས་གནང་མཛད་པའི་དཔྱིད་ཆུ་ཞེས་པའི་མུ་འབྲེལ་སྙན་ངག་རིང་མོ་དེ་བོད་ཡིག་ཏུ་བསྒྱུར་བའི་ཁུར་བླངས་པ་མ་ཟད་ཉིས་སྟོང་བཅུ་བདུན་ལོར་བསྒྱུར་གྲུབ་བྱུང་། དེ་ལས་ཀྱང་ལོ་ཙཱའི་ཕྱོགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པ་ཞིག་ནི། སྤྱི་ལོ༢༠༡༨ལོའི་དགུན་ཟླ་ར་བའི་ནང་དུ་མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་ལགས་ལ་དགོངས་ཁྲོལ་ཞུས་ཏེ། ཁོང་གིས་མཛད་པའི་དེང་རབས་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་ལས་སྐབས་དགུ་པ་སྟེ། འཚོ་བ་གཉིས་དོ་སྙོམ་དགོས་པར་བསྟན་པའི་སྐབས་དེ་རྒྱ་ཡིག་ཏུ་བསྒྱུར་བའི་ཁུར་བླངས་པ་མ་ཟད་ཆ་ཚང་བསྒྱུར་གྲུབ་ཀྱང་བྱུང་ལ། དམ་པ་གང་ཉིད་ཀྱིས་ཀྱང་ཐུགས་དགྱེས་དགྱེས་མཛད་ནས་དེ་ལྟར་རྒྱ་ཡིག་ཏུ་བསྒྱུར་ཆོག་པའི་བཀའ་གནང་བསྩལ། འདི་ནི་ལོ་ཙཱའི་བྱ་བ་ལ་དགའ་ཞེན་ཆེ་བའི་གསེར་ཀུན་དགའ་ཁོང་ལ་མཚོན་ན་ཆེས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། རྒྱུ་མཚན་ཁོང་ལ་མཚོན་ན་མི་རིགས་རང་གི་གསུང་རྩོམ་དག་མི་རིགས་གཞན་གྱི་སྐད་ཡིག་གི་ལམ་དུ་བསྟར་རྒྱུའི་ཆེས་ཐོག་མའི་བསྒྱུར་རྩོམ་ནི་འདི་ཉིད་ཁོ་ན་ལགས་པས་སོ།། གཞན་ཡང་ཁོང་གིས་རྒྱ་མཚོའི་ཕྱི་ནང་གི་མཁས་པ་རྣམས་ཀྱི་རྨད་དུ་བྱུང་བའི་ལེགས་བཤད་དང་། གནད་ལ་ཁེལ་བའི་སྡོམ་ཚིག་སུམ་བརྒྱ་ལྷག་བོད་ཡིག་ཏུ་བསྒྱུར་ཡོད་ལ། དེ་དག་ཉིན་རེ་བཞིན་དྲྭ་སྒང་སོ་སོ་རུ་སྤེལ་བཞིན་ཡོད། དེ་མིན་ཁོང་གིས་བསྒྱུར་རྩོམ་ལ། ཀྲོའུ་ཡུས་བརྩམས་པའི《བདག་གི་ཁུ་བོ་སྐུ་ཞབས་ལུའུ་ཞུན།》དང་། མཁན་ཆེན་བསོད་དར་རྒྱས་ཀྱིས་མཛད་པའི《དངོས་བྱུང་གཏམ་རྒྱུད་ཅིག》དང《ན་ཕོ་ལོན་གྱི་གདམས་ངག》། ད་དུང་ལོའུ་ཧྲིས་བརྩམས་པའི《རྩོམ་ཡིག་འབྲི་བར་སྙིང་སྟོབས་དང་བབ་བརླིང་ལྡན་དགོས།》ཞེས་པ་དང་ཧཱན་ཧན་གྱིས་བརྩམས་པའི《ང་ཚོའི་སློབ་གསོ།》། 《ཁུང་མོང་ལོའུ་སོགས་ཀྱི་ལེགས་རྩོམ།》སོགས་བསྒྱུར་རྩོམ་ཆེ་ཆུང་ཉི་ཤུ་ལྷག་ཡོད། ད་དུང་ཁོང་གིས་བཤད་ན། ལོ་ཙཱའི་བྱ་བ་ནི་ཧ་ཅང་གལ་འགང་ཅན་ཞིག་ཡིན་ལ། རྒྱལ་ཁབ་དང་མི་རིགས་ཤིག་ཡར་རྒྱས་སུ་འགྲོ་དགོས་ན་དང་པོ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་སློབ་བྱེད་དགོས་པ་དང་། དེ་ནས་རྒྱལ་ཁབ་དང་མི་རིག་གཞན་པའི་སྔོན་ཐོན་རིག་གནས་དག་ནང་འདྲེན་བྱེད་དགོས། འོ་ན་དེ་དག་ནང་འདྲེན་བྱེད་མཁན་ནི་ལོ་ཙཱ་བ་དང་ལོ་ཙཱའི་བྱ་བ་འདི་ཉིད་ཁོ་ན་ལགས་པས་ཤིན་ཏུ་གལ་ཆེན་ཞིག་ཡིན་ཟེར། ཡིན་ཡང་ལོ་ཙཱ་བྱ་བ་འདི་ནི་ཧ་ཅང་ལས་དཀའ་མོ་ཞིག་དང་ཉེན་ཁ་ཅན་ཞིག་ཀྱང་རེད། དཔེར་ན་མ་ཡིག་གི་ནང་དོན་ཐད་བསྒྱུར་བྱེད་དྲག་ན་ཀློག་པ་པོ་རྣམས་ཀྱིས་དོན་རྟོགས་དཀའ་ལ། ཡང་མ་ཡིག་གི་ནང་དོན་དོན་བསྒྱུར་བྱེད་དྲག་ན་རྩོམ་པ་པོའི་ལྟ་བ་དང་འགལ་བའི་ཉེན་ཁ་ཡོད། དེའི་ཕྱིར་ན་བསྒྱུར་སྟངས་ཀྱི་ཕྱོགས་ནས་དམ་ལྷོད་རན་པ་ཞིག་ཡོང་རྒྱུ་ནི་ཞེ་དྲག་ཁག་པོ་འདུག་ཅེས་བཤད། དེ་ལྟར་ན་གཞོན་རྩོམ་པ་པོ་ཁོང་ད་བར་དུ་རང་གི་ཐོག་མའི་ཕུགས་བསམ་ལ་འཇུས་ནས་མདུན་སྤོས་ཀྱི་གོམ་མཚམས་མ་བཞག་པར་མི་ཚེའི་ཕུགས་བསམ་མངོན་གྱུར་གྱི་འབད་འབུངས་ལ་བསྟིམ་བཞིན་ཡོད་དོ།།

གཞན་ཡང་ཁོང་གིས་དུས་རྒྱུན་སློབ་ཁྲིད་བྱེད་ཞོར་དུ། དཔེ་ཆ་ལ་བལྟ་རྒྱུའི་གོམས་གཤིས་ནི་ནམ་ཡང་བོར་མྱོང་མེད་ལ། ད་དུང་ཁོང་གིས་བཤད་རྒྱུར། བོད་ཀྱི་དགེ་རྒན་ཞིག་ལ་མཚོན་ན་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོའི་ལྟ་བ་དང་དགོངས་པ་དེ་ཉིད་མ་འཛོལ་བར་རྟོགས་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད་ཟེར། དེང་གི་ཆར་རྒྱ་མཚོའི་ཕྱི་ནང་གི་རིག་གནས་འདྲ་མིན་དང་བསམ་བློ་སྣ་མང་གིས་ཡོ་ལང་གཡོ་བའི་སྒང་འདིར། ལེགས་པ་རྣམས་སྔོན་ཐོན་དང་སྙིགས་མ་རྣམས་རྗེས་སུ་ལུས་པའི་ཆོས་ཉིད་བཞིན། རང་མི་རིགས་ཀྱི་འདས་མ་ད་གསུམ་གྱི་གནས་བབ་ལའང་གཡོ་འགུལ་ཐེབས་དང་ཐེབས་བཞིན་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ་ཕར་གཏུགས་ན། སློབ་གསོའི་ལས་དོན་འདི་ཉིད་ལ་ཐུགས་ཡོད་ལ། དེ་ལས་ཀྱང་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སློབ་གསོའི་ལྟ་བ་དང་། བསམ་བློའི་ཁྱེར་སོ་སོགས་ཅི་ཡིན་མི་ཤེས་པར་བྱུང་རྒྱལ་དུ་སློབ་མ་རྣམས་ཀྱི་རྒྱུད་ལ་དབྱེ་བསལ་མ་བྱས་པའི་ཤེས་བྱ་དག་བུམ་པ་གང་བྱོའི་ཚུལ་དུ་འདོན་སྤྲོད་བྱེད་པ་དེ་ལ་རག་ལས་ཡོད། དེ་ཡང་ཉེ་བའི་ཆར་བོད་ཡུལ་འདིར་སློབ་གསོའི་སྐོར་ནས་བསྒྱུར་རྩོམ་འདྲ་མིན་དང་། བསམ་བློ་སྣ་ཚོགས་ཤིག་ནང་འདྲེན་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་སྤྱིར་ཤིན་ཏུ་ལེགས་མོད། འོན་ཀྱང་ཡོད་ཚད་དེ་ལ་གཞི་བཅོལ་ནས་མི་རིགས་རང་གི་སྔར་ཡོད་ཀྱི་ཐ་སྙད་རྣམས་ཀྱི་དགོངས་པ་དང་བསྟན་དོན་སོགས་རྒྱང་དུ་དོར་ན། དེ་ཡང་རྩ་བ་དོར་ནས་ཡལ་གར་འཇུས་བ་ལྟ་བུའི་ཤིན་ཏུ་ཡིད་ཕམ་པའི་གནས་ཤིག་རེད། ཅེས་ཟེར། གཞན་ཡང་དེང་གི་དུས་འདིར་དགེ་རྒན་གྱི་མིང་རྫིག་པོ་རེ་ཡོད་ཀྱང་དོན་དངོས་སུ་རང་ཁྱིམ་དུ་དཔེ་དེབ་གཅིག་ཀྱང་མེད་མཁན་ཤིན་ཏུ་མང་ལ། འདི་ནི་ཕར་གཏུགས་ན་རང་དང་སློབ་མ་རྣམས་ལ་འགན་མི་ཁུར་བའི་རྟགས་ཤིག་རེད་ཅེས་ཟེར། གང་ཞེ་ན་དགེ་རྒན་ནི་སློབ་མའམ་མི་གཞན་རྣམས་ལ་སློབ་ཁྲིད་བྱེད་མཁན་དེ་ཡིན་ལ། སློབ་ཁྲིད་ཅེས་པ་ནི་ཐོག་མར་དགེ་རྒན་རང་ངོས་ནས་གཞན་གྱི་སར་ནས་སྦྱང་བའམ་ཡང་ན་དཔེ་ཆ་ལ་བརྟེན་ནས་རིག་གནས་དང་ཡོན་ཏན་རྒྱུན་མི་ཆད་པར་སློབ་དགོས་ཤིང་། དེ་ནས་རང་ཉིད་ཀྱི་ཤེས་པ་དེ་དག་མི་གཞན་ལ་ཁྲིད་པ་དེ་ལ་ཟེར། འོ་ན་རང་ཉིད་ལ་སྔོན་འགྲོའི་ཆ་རྐྱེན་སློབ་པའམ་ཀློག་པ་གང་ཡང་མེད་པར། མི་གཞན་ལ་བྱུང་རྒྱལ་ལམ་རྫུན་དང་འདྲེས་པའི་སློབ་ཁྲིད་བྱེད་པ་ནི་གྲ་སྒྲིག་མེད་པའི་དམག་དཔོན་དང་མཚུངས་པར་ནམ་ཡང་ཕམ་ཁའི་མགོ་བོ་དུད་དེ་འགྲོ་ངེས་ཡིན་ཞེས་བཤད།

ད་དུང་ཁོང་གིས་རང་ཉིད་ཀྱི་སློབ་སྦྱོང་དང་གཞན་ལ་སློབ་ཁྲིད་བྱེད་པའི་ཞོར་ལ། བོད་ཀྱི་རིག་གནས་ལ་མོས་པ་དང་དང་དོད་བྱེད་མཁན་གྱི་དགེ་རྒན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ལ་དུས་ཚོད་ལྷག་མ་སྤྱད་ནས། རྒྱལ་རབས་དེབ་ཐེར་དཀར་པོ་དང་སི་ཏུའི་ཞལ་ལུང་། བོད་ཀྱི་ལོ་རྒྱུས་སོགས་ཅི་ནུས་ཀྱིས་འཆད་བཞིན་མཆིས་སོ།། དེ་ལྟར་ན་གཞོན་རྩོམ་པ་པོ་ཁོང་གིས་ད་ལྟའི་བར་དུ་རང་གི་ཐོག་མའི་ཕུགས་བསམ་མ་བཏང་བར་དེ་ལ་འཇུས་ནས་མདུན་དུ་སྤོས་པའི་གོམ་འཚམ་མ་བཞག་ཅིང་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་མངོན་གྱུར་གྱི་ཆེད་དུ་འབད་འབུངས་གནང་བཞིན་ཡོད། ལྷག་ཏུ་རྩོམ་རིག་ནི་ཁོང་གི་མི་ཚེའི་ཁྲོད་ཀྱི་དུས་ཚོད་མང་ཤོས་གཏོང་ཡུལ་དུ་གྱུར་ཡོད་སྟབས། ཁོང་རང་ཉིད་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མའི་རེ་བ་ཆེ་ཤོས་དེའང་སྔར་བཞིན་རྩོམ་རིག་ལ་འཇུག་པའི་འདུན་པ་མ་བཏང་བར་ཁོང་གིས་དེའི་ཁྲོད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པར་རེ་བ་འཆིང་བཞིན་ཡོད་དོ།།

དེ་ལྟར་དྲང་པོའི་ཚིག་གིས་རབ་བརྗོད་པའི།།

དོན་འདི་ཕན་སེམས་དཀར་པོས་སྤེལ་ལགས་ན།།

འདི་ལ་ནོངས་དང་འཁྲུལ་བའི་གོས་གྱུར་པའི།།

བགྱི་བ་གང་མཆིས་ཀུན་ལ་བཟོད་གསོལ་ཞུ།།


  • ལེ་ཚན་སྔོན་མ།:རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ།
  • ལེ་ཚན་རྗེས་མ།:ས་དར་རྩེ་མདོ་ཡི་མི་དར་རྩེ།