སྙན་ངག་མཁན་པོ་ཡི་དམ་ཚེ་རིང་མཆོག་གི་ལོ་རྒྱུས་ཐོར་བུ།

ཧྲེ་ཤུལ་གཡག་རྒོད།        2011-04-07

སྙན་ངག་མཁན་པོ་ཡི་དམ་ཚེ་རིང་མཆོག་ནི་༡༩༣༣ལོའི་ཟླ༢པའི་ཚེས༡༠ཉིན་མཚོ་སྔོན་ཞིང་ཆེན་ཙོང་ཁ་བདེ་ཁམས་ཅོང་རྩི་སྡེ་བར་འཁྲུངས། ༡༩༤༩ལོའི་ཟླ༡༡པར་བྱ་བའི་སྟེང་ཞུགས། ༡༩༤༩ལོའི་ཟླ༡༡པ་ནས༡༩༥༢ལོའི་ཟླ༧པར་མཚོ་སྔོན་ཞིང་ཆེན་ན་གཞོན་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭར་ཞུགས་ཏེ་སློབ་གཉེར་མཛད།

སློབ་མཐར་ཕྱིན་རྗེས་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་གླིང་དུ་ཕྱག་ལས་གནང༌། ༡༩༥༢ལོའི་ཟླ༧པ་ནས༡༩༥༤ལོའི་ཟླ༧པའི་བར་ནུབ་བྱང་སྒྱུ་རྩལ་སློབ་གླིང་དུ་སློབ་སྦྱོང་གནང་ཞིང་སྐབས༥༥པའི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་ལག་ཁྱེར་ཐོབ། ༡༩༥༤ལོའི་ཟླ༧པ་ནས༡༩༧༩ལོའི་ཟླ༤པར་ཀན་སུའུ་ཞིང་ཆེན་གླུ་གར་ཚོགས་པའི་ལས་སྒོའི་ཚན་ཆུང་གི་འགོ་གཙོ་དང་གསར་རྩོམ་ཚན་ཆུང་གི་འགོ་གཙོ་སོགས་ཀྱི་འགན་བཞེས། ༡༩༧༩ལོའི་ཟླ༤པ་ནས༡༩༩༠ལོའི་ཟླ༡༢བར་ཀན་སུའུ་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས། ༡༩༩༠ལོའི་ཟླ༡༢པ་ནས༢༠༠༠ལོའི་ཟླ༣པར་ཀན་སུའུ་ཞིང་ཆེན་རྩོམ་རིག་གླིང་གི་ཆེད་ལས་རྩོམ་པ་པོ་དང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས། ལས་འཁྱུར་ངལ་གསོ་མཛད་རྗེས་ཁོང་ཉིད་ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བློ་འདོན་པར་གདན་འདྲེན་ཞུས།ཁོང་ནི་ཀན་སུའུ་ཞིང་ཆེན་གྱི་སྐབས་དགུ་པའི་འཐུས་མི་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེངས་དང་པོ་དང་ཐེངས་གསུམ་པའི་འཐུས་མི། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་རྒྱུན་ལས་ལྷན་ཁང་གི་རྒྱུན་ལས་པ། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེངས་དང་པོ་དང་གསུམ་སོགས་ཀྱི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་རྒྱུན་ལས་པ། མི་རིགས་རྩོམ་རིགས་ཀྱི་སྐབས་དང་པོ་དང་གཉིས་པའི་ལས་འཛིན་ཚོགས་པའི་ལས་འཛིན་པ།

ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་ཀྱི་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀན་སུའུ་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་སྐབས་དང་པོའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀན་སུའུ་ཞིང་ཆེན་གྱི་སྐབས་དང་པོའི་བོད་རིག་པའི་ཞིབ་འཇུག་ཁང་དང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་དང་ཚོགས་གཙོ་གཞོན་པ། སི་ཁྲོན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྐབས་གཉིས་པའི་ལས་འཛིན་ཚོགས་པའི་ལས་འཛིན། གྲོང་ཁྱེར་ལན་གྲུའི་སྲིད་གྲོས་ཀྱི་རྒྱུན་ལས། བོད་ཀྱི་རིག་གནས་འཕྲིན་དྲའི་ཆེད་ཞུས་རྩོམ་སྒྲིག་པ་དང་རྩོམ་པ་པོ།ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་བཅས་ཀྱི་འགན་བཞེས་མྱོང༌། སྐུ་ཞབས་ཡི་དམ་ཚེ་རིང་མཆོག་གིས་སྐུ་ཚེ་ཧྲིལ་བོར་རྩོམ་རིག་སྒྱུ་རྩལ་གྱི་ཕྱག་ལས་མཛད་ནས་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་གསར་རྩོམ་གནང༌། དུས་རབས༢༠པའི་ལོ་རབས༥༠པ་ནས་བཟུང་སྙན་ངག་གསར་རྩོམ་གྱི་མགོ་བརྩམས་ནས་སྔ་རྗེས་སུ་དམངས་གླུ་ཕྱོགས་བསྒྲིགས《གཉེན་སྟོན་གྱི་གླུ》དང༌། སྙན་རྩོམ་ཕྱོགས་བསྒྲིགས《གངས་རི》《གངས་སེང》《གངས་ལྗོངས》《གངས་དབྱངས》《གངས་ལྗོངས་ཀྱི་ཉི་མ་གླུ》དཔྱད་རྩོམ་ཕྱོགས་བསྒྲིགས《གངས་སེང་དཀར་མོའི་ང་རོ》རྣམ་ཐར《གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག》སོགས་པར་དུ་བསྐྲུན། ༡༩༨༠ལོ་ནས་བཟུང་སྙན་རྩོམ《ཉི་འོད་འབུལ་བའི་མི》དང《ཨ་མའི་སྙིང་ནས་གདམས་པའི་གླུ》《ཚེ་སྲོག་དར་རྒུད་ཀྱི་དབྱངས་རྟ》དང་སྙན་དེབ《གངས་སེང》དང་《གངས་ལྗོངས་ཀྱི་ཉི་མ》 《གངས་སེང་དཀར་མོའི་ང་རོ》《གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག》སོགས་བརྩམས་ཆོས་ལ་སྔ་རྗེས་སུ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ༢༠ལྷག་ཐོབ་མྱོང༌། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩོམ་རིག་གླིང་གི་ཆེད་ལས་རྩོམ་པ་པོ། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བློ་འདོན་པ་དང༌། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་མཚན་འཛིན་སློབ་དཔོན་ཆེན་མོ།

སྙན་ངག་པ་གྲགས་ཆེན་ཡི་དམ་ཚེ་རིང་མཆོག༢༠༠༤ལོའི་ཟླ༡༠པའི་ཚེས༢༤ཡི་ཞོགས་པའི་ཆུ་ཚོད་༣་དང་སྐར་མ༥༠ཐོག་གྲོང་ཁྱེར་ལན་གྲུ་རུ་སྐུ་གཤེགས།

  • ལེ་ཚན་སྔོན་མ།:ཕུན་ཚོགས་བཀྲ་ཤིས།
  • ལེ་ཚན་རྗེས་མ།:སྟག་འབུམ་རྒྱལ།