ས་དར་རྩེ་མདོ་ཡི་མི་དར་རྩེ།

ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།        2020-05-06

ས་དར་རྩེ་མདོ་ཡི་མི་དར་རྩེ།

༄༅།། ས་དར་རྩེ་མདོ་ཡི་མི་དར་རྩེ།

རྩོམ་པ་པོ་གྲགས་ཅན་དར་རྩེ༼达真༽ལགས་ཀྱི་གསར་རྩོམ་གྱི་ལམ་བུ་ལ་བལྟས་པ།


     རྩོམ་པ་པོ་གྲགས་ཅན་དར་རྩེ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་ཆགས་ཡུལ། ཁམས་དར་རྩེ་མདོ་རུ་སྤྱི་ལོ1962ལོར་སྐྱེས།  ཆུང་ནས་དར་རྩེ་མདོ་ནས་རྒྱ་ཡིག་གི་སློབ་ཆུང་ནས་རིམ་བཞིན་དམའ་འབྲིང་དང་མཐོ་འབྲིང་བརྒྱུད་ཅིང་། སྤྱི་ལོ1984ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རྒྱ་ཡིག་སྡེ་ཁག་ཏུ་རྒྱུགས་འཕྲོད། སློབ་ཆེན་གྱི་ར་བ་དེ་ག་ནས་ཁོའི་དཔེ་ཀློག་གི་ཁོར་ཡུག་བཟང་ཞིང་རྒྱ་ཆེ་ལ། དཔེ་ཀློག་རྐྱང་པས་མ་ཚད་གསར་རྩོམ་ལས་ལ་ཡང་ཞུགས་ཐུབ་པ་བྱུང་སྟེ། སྔ་ཕྱིར་སྒྲུང་ཐུང་དང་སྒྲུང་འབྲིང་གི་བརྩམས་ཆོས་འགའ་དུས་དེབ་རྒན་གྲས《ཟླ་བ་བཅུ་པ》དང《མི་རིགས་རྩོམ་རིག》སོགས་ཀྱི་སྟེང་དུ་བཀོད་ཐུབ་པ་བྱུང་བས། དེས་ཁོ་རང་གསར་རྩོམ་གྱི་ལས་ལ་ཞུགས་པར་སྒུལ་ཤུགས་ཀྱི་གདོང་གྲོགས་སུ་གྱུར།

     སློབ་ཆེན་གྱི་བགྲང་བྱ་བཞིའི་སློབ་སྦྱོང་གི་འཚོ་བ་མཇུག་རྫོགས་རྗེས། སྤྱི་ལོ1988ལོའི་ཟླ་བ7པར་ཕྱིར་དར་མདོར་ལོག་ནས་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་གསར་འགོད་པའི་ལས་ཀར་ཞུགས། ལས་ཁུངས་འདི་ནི་རྩོམ་རིག་སྒྱུ་རྩལ་གྱི་ལམ་ལ་ཕྱོགས་མཁན་གྱི་སྨྱུག་ཐོགས་པ་དག་གིས་འཚོལ་སྙེག་བྱེད་སའི་ལས་ཁུངས་ཁྱད་པར་བ་ཞིག་ཡིན་ལ། ལས་རྐང་འདིས་ཁོ་རང་རྩོམ་རིག་གི་ལམ་ཁ་ལ་ཕྱོགས་པར་མཐུན་རྐྱེན་གྱ་ནོམ་པ་བསྩལ། 

ལོ་རབས་བརྒྱད་ཅུ་པར་རྒྱལ་ཁབ་ནང་ཁུལ་གྱི་ས་ཁུལ་སོ་སོར་ནུབ་ཕྱོགས་རྩོམ་རིག་གི་མཁའ་རླུང་དྲོན་མོ་ཞིག་ཀུན་ནས་ལྡང་ཞིང་། གསར་བྱུང་རྩོམ་པ་པོ་མང་པོ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་བྱུང་དང་འབྱུང་བཞིན་པའི་དུས་སྐབས་དེ་འདྲ་ཞིག་ལ། དར་རྩེ་ཡང་རྩོམ་རིག་ཅེས་པའི་བསླུ་བྲིན་གྱི་ཞིང་ཁམས་སུ་ཚུད་ནས་བརྩམས་སྒྲུང་བཀླག་པར་ཞེ་གཏིང་ནས་དགའ་བའི་ཀློག་པ་པོ་ཞིག་ལ་གྱུར།ཁོས་བཤད་རྒྱུར། ངས་བརྩམས་སྒྲུང་བཀླགས་པའི་ཐོག་མའི་གྲས་སུ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི《ལོ་བརྒྱའི་རིང་གི་ཁེར་རྐྱང》ཞེས་པའི་བརྩམས་ཆོས་གྲགས་ཆེན་དེ་བཀླགས་ཐུབ་པ་བྱུང་ཞིང་།བརྩམས་སྒྲུང་འདིའི་ཁྲོད་ཀྱི་ནང་དོན་དང་དཔེ་མཚོན་དག་ནི་དར་རྩེ་མདོ་བརྗོད་བྱ་བྱས་ནས་བྲིས་ཡོད་པ་ལྟ་བུ་ཡི་འཁྲུལ་སྣང་གི་སེམས་ཚོར་ཞིག་བྱུང་མྱོང་།འདིས་ང་རང་རྩོམ་རིག་གི་ཞིང་ནས་བརྩམས་སྒྲུང་གསར་རྩོམ་ལ་འཇུག་པར་སྐུལ་སློང་དང་ཕྱོགས་སྟོན་ཧ་ལས་པ་ཐོན་བྱུང་ཞེས་སེམས་སུ་བརྗེད་དཀའ་བའི་འདས་དོན་དེ་དག་ཕྱིར་དྲན་བྱས།རྗེས་སོར་ཁོས་སའེ་ལིན་ཀེ་དང་། ཅེ་ཁེ·ལོན་ཏུན་སོགས་ནུབ་ཕྱོགས་ཀྱི་རྩོམ་པ་པོ་མང་པོའི་བརྩམས་ཆོས་གང་མང་བཀླགས་པས་མཐོང་རྒྱ་ཆེ་རུ་བསྐྱེད་པ་དང་།རྒྱལ་ནང་གི་རྩོམ་པ་པོ་བཀྲ་ཤིས་ཟླ་བ་དང་ཀུང་ཆའོ་མིང་།མར་ཡོན་སོགས་ཀྱིས་ཞིབ་འབྲི་བྱས་ཡོད་པའི་བརྩམས་ཆོས་རེ་རེར་དཔེ་ཀློག་གི་གོ་སྐབས་ཐོབ་པས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་དྲོད་བཅུད་བཟང་པོས་ཁོའི་གསར་རྩོམ་གྱི་ལྗང་སྨྱུག་བཞད་པར་རམ་འདེགས་ཀྱི་དཔལ་དུ་གྱུར།རིམ་བཞིན་རྩོམ་རིག་ཅེས་པའི་བསླུ་བྲིན་གྱི་རང་བཞིན་ལྡན་པའི་མཛེས་མ་དེའི་པང་དུ་མགོ་འཐིམས་ནས་ལུས་ངག་ཡིད་གསུམ་ཁོ་མོ་ལ་ཕུལ་ཞིང་།ཁོའི་འཚོ་བ་ལ་རྩོམ་རིག་གི་མཛེས་མ་དང་འབྲལ་ཐབས་མེད་པར་གྱུར་ལ།དེ་དང་བྲལ་སོང་ན་འཚོ་བ་ལའང་དོན་སྙིང་མེད་པ་ལྟ་བུ་ཞིག་གི་ཚོར་སྣང་བྱུང་བས། དད་འདུན་དང་ཡིད་ཆེས་ཡོངས་རྫོགས་རྩོམ་རིག་ཅེས་པའི་མཛེས་མ་དེ་ལ་བཅོལ་བས་ཁོ་མོས་ཀྱང་ཁོ་ལ་ཁྲེལ་མེད་ཀྱི་ལས་ཀ་མ་བརྩམས་པར་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་མང་པོ་སྨྱུག་ཁ་ནས་ལུད་ཐུབ་པའི་རྩོམ་པ་པོ་ཞིག་ཏུ་སྐྱེད་སྲིང་བྱས།ཁོས་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་གྲངས་མང་བྲིས་ཤིང་རྒྱལ་ཁབ་ནང་ཁུལ་གྱི་དུས་དེབ་གྲགས་ཅན་ཁག་དང་དྲྭ་སྒང་སོ་སོར་སྤེལ་བས་ས་དར་རྩེ་མདོ་ནས་འཚར་ལོངས་བྱུང་བའི་མི་དར་རྩེ་ཞེས་པའི་རྩོམ་པ་པོ་ཁོ་རང་སྨྱུག་ཐོགས་པའི་སྡེ་ནས་གོ་རྒྱུ་ཚོར་རྒྱུ་ཡོད་མཁན་ཞིག་ཏུ་གྱུར།

     སྤྱི་ལོ2009ལོར་ཁོས་ལོ་གསུམ་གྱི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས་བྲིས་པའི་ཡིག་འབྲུ་ཁྲི46ཡོད་པའི་སྒྲུང་རིང་ཐོག་མ《ཁམས་པ》ཞེས་པ་ལེགས་པར་གྲུབ་ཅིང་། སི་ཁྲོན་དཔེ་སྐྲུན་ཚོགས་པ།སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཅིང་། ལོ་དེའི་སྤྱི་ཟླ7པའི་ཚེས11ཉིན་རྩོམ་རིག་སྒྱུ་རྩལ་ཚགས་པར་ཁང་དང་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ།པེ་ཅིང་མའོ་ཐའེ་དཔེ་མཛོད་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས“དར་མདོའི་མཛའ་གཞས་དེང་རབས་ཀྱི་འགྱུར་ཁུག།དར་རྩེའི་སྒྲུང་རིང《ཁམས་པའི》བགྲོ་གླེང་གྲོས་ཚོགས”ཞེས་པ་པེ་ཅིང་དུ་འཚོགས། རྗེས་སོར་བརྩམས་ཆོས་འདི་ལོ་ཙཱ་བ་གླིང་ཕྲུག་གིས་བོད་ཡིག་ཏུ་བསྒྱུར་ནས་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་རེད།

སྤྱི་ལོ2012ལོར་ཁོའི་བརྩམས་ཆོས་སྒྲུང་རིང《ལས་དབང》ཞེས་པ་ལེགས་འགྲུབ་བྱུང་ཞིང་།སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།ལོ་དེའི་སྤྱི་ཟླ5པའི་ཚེས10ཉིན།སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་།ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ།སི་ཁྲོན་རྩོམ་རིག་སྒྱུ་རྩལ་དཔེ་སྐྲུན་ཁང་།ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱི་མཉམ་འབྲེལ་གྱིས“དར་རྩེའི་སྒྲུང་རིང《ལས་དབང》གི་བགྲོ་གླེང་གྲོས་ཚོགས”ཞེས་པ་པེ་ཅིང་དུ་འཚོགས།སྐུ་ཞབས་ཞེ་ཡིའུ་ཧྲུན་གྱིས་དར་རྩེའི་བརྩམས་སྒྲུང《ལས་དབང》འདིའི་མི་རིགས་ཀྱི་མྱོང་རྟོག་དང་བསམ་བློ་ནི་ཇི་འདྲའི་ཁྱད་དུ་འཕགས་ལ་མཛེས་ཤིང་སྡུག་པ་ཞིག་རེད་ཨང་།ཁོང་གིས་འཚོལ་ཞིབ་བྱེད་བཞིན་པའི་རིག་གནས་སྣང་མང་གི་འགལ་འདུ་དང་མཐུན་སྦྱོར་གྱི་མཚམས་ཐིག་ནི་མི་རིགས་སོ་སོས་གདོང་གཏོད་དགོས་པའི་གནད་དོན་ཞིག་རེད་སྙམ་ཞེས་གདེང་འཇོག་ཚད་མཐོན་པོ་གནང་བ་དང་།ཡང་སྐུ་ཞབས་ཁྲེན་ཞའོ་མིང་གིས་བཤད་རྒྱུར། བདག་གིས《ལས་དབང》ཞེས་པའི་བརྩམས་སྒྲུང་འདི་ནི་གྲངས་ཉུང་མི་རིགས་ཀྱི་དེང་རབས་ལོ་རྒྱུས་མཚོན་པའི་སྙན་རྩོམ་ཞིག་ཏུ་མཐོང་།གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་སྤྲོས་བརྗོད་བྱེད་ལུགས་དང་གོ་བ་ལེན་ལུགས།གཞུང་ལུགས་ཀྱི་རྒྱབ་རྟེན་གཞན་ཞིག་མཆིས་ལ།བརྩམས་སྒྲུང་འདིས་དེང་རབས་རང་བཞིན་གྱི་ངོས་ནས་ཇི་ལྟར་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་རྒྱུས་ལོན་བྱེད་པའི་ཐད་ལ།ཕུན་སུམ་ཚོགས་ལ་རྙོག་འཛིང་ལྡན་པའི་སྒྲིག་གཞི་མང་པོ་འདོན་སྤྲོད་བྱས་ཡོད་པར་འདོད་ཅེས་བཤད།རྗེས་སོར་ལོ་ཙཱ་བ་ཆོས་འཁོར་གྱིས་བརྩམས་ཆོས་སྒྲུང་རིང་འདི་བོད་ཡིག་ཏུ་བསྒྱུར་ཏེ་དེབ་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་དུ་བྱས་ནས་སྤྱི་ལོ2019ལོའི་སྤྱི་ཟླ7པར་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

རྗེས་སོར་ཁོ་རང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་ནས་བརྙན་འཕྲིན་ཁང་དུ་ལས་གནས་སྤོར་ཏེ།རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་གློག་བརྙན་བཟོ་བདག་གི་ལམ་བུར་ཞུགས། སྤྱི་ལོ2000ལོ་ནས2005ལོའི་བར་ལ་ཁོ་རང་ཁམས་ཀྱི་ཆབ་མདོ་དང་མཚོ་སྔོན་མགོ་ལོག།སྐྱེ་རྒུ། ཀན་ལྷོ། དཀར་མཛེས་ཁུལ་དང་རྔ་བ་ཁུལ་གྱི་རྫོང་སྒོ་སོ་སོ་སོགས་བོད་མདོ་ཁམས་ཕྱོགས་ཀྱི་ས་གནས་མང་པོར་དངོས་སུ་སོང་ནས་ལོ་ངོ་ལྔ་ཡི་རིང་ལ་དངོས་ཟིན་གློག་བརྙན་མང་པོ་ཕབ་བསྐྲུན་བྱས་ཤིང་འཁྲབ་ཁྲིད་པའི་འགན་ཁུར་བ་དང་།ཁོ་རང་གིས་བརྩམས་པའི་སྒྲུང་རིང《ལས་དབང》དང《ཁམས་པ》སོགས་ཀྱི་བརྩམས་ཆོས་གང་མང་གཞིར་བཟུང་ནས་དངོས་ཟིན་གློག་བརྙན་གང་མང་ཕབ་བསྐྲུན་བྱས་ནས་རྒྱ་ཆེའི་ལྟད་མོ་བ་མང་པོར་བག་ཆགས་ཟབ་མོ་བཞག་པ་རེད།

ད་ལོར་ཁོས་ལོ་གཅིག་ཕྱེད་རིང་གི་དུས་ཚོད་བེད་སྤྱད་ནས་བྲིས་པའི་བོད་ཁུལ་དབུལ་སྐྱོར་སྐོར་གྱི་སྙན་ཞུ་རྩོམ་རིག་རིང་གྲས་དེ་ལེགས་འགྲུབ་བྱུང་ཞིང་།གནས་སྐབས་རིང་སྙན་ཞུ་རྩོམ་རིག་གི་བརྩམས་ཆོས་དེའི་མིང་ལ《རིས་དྲིལ》ཞེས་བཏགས་ཤིང་ཁྱོན་ལེའུ་བཞིས་གྲུབ་པའི་བརྩམས་ཆོས་ཤིག་ཡིན།ལེའུ་དང་པོ་ཡིད་ཆེས་ཀྱི་ལེའུ་ལ།ཆབ་སྲིད་ཀྱི་འགན་འཁྲི་ཆེས་ཆེ་བ་ནི་རྒྱལ་ཁའི་འབྱུང་ཁུངས་ཡིན་ཞེས་པ་དང། ལེའུ་གཉིས་པ་གནད་སྨིན་གྱི་ལེའུ་ལ་དམངས་འཚོའི་ལས་གྲྭ་ཆེས་ཆེ་བ་ནི་འཚོ་གནས་ཀྱི་རྨང་རྡོ་ཡིན་ཞེས་པ་དང་། ལེའུ་གསུམ་པ་བདེ་སྐྱིད་ཀྱི་ལེའུ་ལ་འཕེལ་རྒྱས་ཀྱི་ཆེས་ཆེ་བའི་གོ་སྐབས་ནི་འཕེལ་རྒྱས་ཡིན་ཞེས་པ་དང་།ལེའུ་བཞི་པ་ཁོར་སྲུང་གི་ལེའུ་ལ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་དང་དབུལ་སྐྱོར། ཡུལ་སྐོར་བཅས་ཀྱི་བྱ་བ་བཟང་པོ་བསྒྲུབ་དགོས་ཞེས་པ་བཅས་ཀྱི་ལེའུ་བཞིའོ།།

     བརྩམས་ཆོས་ཧྲིལ་པོའི་ནང་དོན་ལ་རོགས་སྐྱོར་བྱ་ཡུལ་ལ་ཇི་ལྟར་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་བྱ་དགོས་ལུགས་སྐོར་ལ་སུམ་ཆ་གཅིག་ཟིན་པ་དང་། རྒྱལ་ཁབ་དང་།ཞིང་ཆེན། ཁུལ། རྫོང་། ཡུལ་ཤོག། གྲོང་སྡེའི་བོད་སྐྱོར་ལས་བྱེད་པ། གྲོང་ཚོར་རྒྱུན་སྡོད་བྱས་པའི་ཧྲུའུ་ཅི་དང་པོ།དབུལ་སྐྱོར་ཆེད་ལས་བཅས་ཀྱིས་སུམ་ཆ་གཅིག་ཟིན་པར་བྱས་ཤིང་འགྲོ་ལམ་གྱི་གདེང་ཚོད་ལ་བརྟེན་ནས་འཚོ་གནས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་སྐོར་བརྗོད་པ་དང་།གཞན་པའི་སུམ་ཆ་གཅིག་གི་ནང་དོན་ལ་རོགས་སྐྱོར་བྱ་ཡུལ་གྱི་མི་རབས་གཉིས་པ་སློབ་ཆེན་དང“9+3”སོགས་ལག་རྩལ་སློབ་གླིང་གི་ལས་རིགས་སློབ་གསོ་བརྒྱུད་ནས་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མམ་ཕ་ཡུལ་དུ་ལོག་ནས་ཤེས་བྱ་དང་ལག་རྩལ་གྱི་ནུས་པ་ལ་བརྟེན་ནས་ངལ་རྩོལ་འབྲས་བུ་ཐོབ་ཐབས་དང་།རང་ཁ་རང་གསོ་ངང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱ་རྒྱུ་དེ་ནི་ཀྲུང་གོའི་མི་རབས་ཤིག་གི་དབུལ་ཕོངས་མཇུག་རྫོགས་ཐབས་ཀྱི་ཕུགས་འདུན་ཡིན་པའི་སྐོར་བརྗོད་ཡོད་པའོ།།

སྔ་རྗེས་སུ་ཁོ་རང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་པཱ་ཅིན་རྩོམ་རིག་སློབ་གླིང་དང་ཁྲེང་ཏུའུ་རྩོམ་རིག་སློབ་གླིང་གི་ཆིངས་བཀོད་རྩོམ་པ་པོ།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུའི་དགེ་རྒན་ཆེན་མོ། རིམ་པ་དང་པོའི་རྩོམ་པ་པོ་དང་གློག་བརྙན་འཕྲིན་གྱི་འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན།ཁོང་གི་བརྩམས་ཆོས་ལ་སྒྲུང་རིང《ཁམས་པ》དང《ལས་དབང》《ཁྱིམ་གཞིས》སོགས་ཡོད། དེ་ལས《ཁམས་པ》ལ་སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྒྲུང་རིང་གི“རྟ་མཆོག་བྱ་དགའ”ཐོབ། དེ་ཉིད་གཉིར་བཟུང་སྟེ་བཅོས་སྒྲིག་བྱས་པའི་ལེའུ་བཅོ་ལྔ་ཅན་གྱི་རླུང་འཕྲིན་ཟློས་གར་ལ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི“གཅིག་ཅན་ལྔའི”ལས་གྲྭའི་བྱ་དགའ་དང་། རྒྱལ་ཡོངས“གཅིག་ཅན་ལྔའི”ལས་གྲྭའི་དམིགས་བསལ་བྱ་དགའ་ཐོབ་ལ།སྐབས་བརྒྱད་པའི་སི་ཁྲོན་ཞིང་ཆེན་གྱི་དམིགས་བསལ་རྩོམ་རིག་བྱ་དགའ་ཐོབ་པ་དང་དབྱིན་ཡིག་ཏུ་བསྒྱུར་ནས་པར་དུ་བསྐྲུན།《ལས་དབང》ལ2012ལོའི་སི་ཁྲོན་ཞིང་ཆེན་གྱི“གཅིག་ཅན་ལྔའི”ལས་གྲྭའི་བྱ་དགའ་ཐོབ་པ་དང་།དེ་ཉིད་གཞིར་བཟུང་སྟེ་བཅོས་སྒྲིག་བྱས་པའི་གློག་བརྙན་འཁྲབ་གཞུང་ལ་སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་གློག་བརྙན་འཁྲབ་གཞུང་གི་ཨང་དང་པོའི་བྱ་དགའ་ཐོབ་པ་དང་།ལྷོ་ཁོ་རེ་ཡའི་ཡི་གེར་བསྒྱུར་ནས་པར་དུ་བསྐྲུན། 《མི་དམངས་ཉིན་རེའི་ཚགས་པར》སྟེང་སྤེལ་བའི《བརྩེ་བར་བརྒྱུས་པའི་ཕྱིར་རྟོག》ཅེས་པའི་འཁྲབ་གཞུང་གི་ནང་དོན་ལྟར་པར་སྐྲུན་བྱས་པའི《གསེར་མདོག་གི་སྟོན་ཁ》ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྤྱི་ཚོགས་འབྲེལ་འདྲིས་རིགས་ཀྱི་ལེ་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ།རྩོམ་སྒྲིག་གནང་བའི་གློག་བརྙན《བཅིངས་འགྲོལ་དམག་མི》ལ་སྐབས་བཅུ་བདུན་པའི་ཀྲུང་གོའི་གློག་བརྙན་ཧྭ་པའོ་བྱ་དགའི་འོས་མིང་དུ་ཚུད་པ་བཅས་ལགས་སོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ན་གཞོན་རྩོམ་པ་པོ་གསེར་ཀུན་དགའི་གནས་ཚུལ་རགས་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།