མོག་བློ་བཟང་འཕྲིན་ལས། 2021-04-30
གཅིག། ལོ་རྒྱུས་མཐོང་ཐོས་ལྷུག་པོར་བརྗོད་པ།
ཐོག་མར་མི་ཞིག་གི་ལོ་རྒྱུས་གླེང་ཚེ་མི་དེའི་ལོ་རྒྱུས་ལ་བདེན་དཔང་གི་རྒྱབ་རྟེན་ངེས་ཅན་ཞིག་ཡོད་དགོས།དེའང་གཅན་ཚ་རྫོང་ནས་སྣང་རའི་གསེར་ཁང་ལ་འགྲོ་བའི་ལམ་གྱི་གཤམ་འོག་གི་རྨ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཡོད་པའི་ཡང་ཆུང་ཟེར་བའི་སྡེ་བ་ཆུང་ཆུང་དེའི་ནང་དགེ་བཤེས་གཉིས་འཁྲུངས་ཤིང་། གཅིག་ཡང་ཆུང་དཔལ་ལྡན་བཀྲ་ཤིས་ཡིན་ལ།དེའི་སྤྲུལ་སྐུ་མི་ཉག་ནས་ཞབས་དྲུང་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དང་སྐུ་མཆེད་དུ་འཁྲུངས་པ་ཆུང་དུས་སུ་གཤེགས། ཡང་ཆུང་དེས་སྤྲུལ་སྐུ་ད་སྐབས་ལོ་རྡོ་རྗེ་བྲག་དགོན་པའི་དགོན་བདག་ཡིན། གཅིག་ཤོས་ནི་ཡང་ཆུང་ལྷ་རམས་པ་ངག་དབང་གྲགས་པ་ཡིན།དེའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ་བོང་སྟག་མོག་ཚང་དུ་ཡབ་དཀོན་མཆོག་སྐྱབས་དང་ཡུམ་སྙིང་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ཕྲེང་འདི་ནས་བཟུང་སྟེ་ལཱ་མོ་བདེ་ཆེན་དགོན་དང་སྣང་རའི་གྲོང་བརྒྱད།བོང་སྟག་མོག་ཆེན་བཅས་ནས་ཨ་ལགས་མོག་ཚང་ཞེས་འབོད་པར་གྲགས་ལ། ཨ་ལགས་མོག་ཚང་ཞེས་པའི་མིང་ཡང་འདི་ནས་བཟུང་ཐོགས་པ་ཡིན། རྒྱ་ཡིག་གི“莫合仓”ཞེས་འབྲི་སྲོལ་ཆགས་ཡོད།
གཉིས། ཨ་ལགས་མོག་ཚང་གི་ལོ་རྒྱུས་ཀྱི་ལོ་ཚིགས་ལ་དཔྱད་པ།
སྤྱི་ལོ༡༩༨༢ལོའི་སྤྱི་ཟླ༡༢པའི་ཚེས༡ཉིན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་བརྩམས་པའི་བསྟན་རྩིས་ཀུན་འདུས་ལས། སྤྱི་ལོ༡༨༠༡ལོར་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཚང་སྐུ་འཁྲུངས།སྤྱི་ལོ༡༨༣༣ལོར་བྲག་དགོན་པ་ཚང་གིས་མདོ་སྨད་ཆོས་འབྱུང་རྩོམ་པར་དབུ་བཙུགས། སྤྱི་ལོ༡༨༦༥ལོ་མདོ་སྨད་ཆོས་འབྱུང་བརྩམས་ནས་ལེགས་པར་གྲུབ། ཅེས་པ་ལྟར་ན།སྤྱི་ལོ༡༨༦༥ལོ་ནས་སྤྱི་ལོ༢༠༢༠ལོའི་བར་མི་ལོ་ཧྲིལ་བོ༡༥༤འདས་པའི་་ལོ་རྒྱུས་ཡོད་ཅིང་།མདོ་སྨད་ཆོས་འབྱུང་མ་བརྩམས་པའི་ཡར་སྔོན་ལ་སྐུ་ཕྲེང་དང་པོ་ཡང་ཆུང་ལྷ་རམས་རྗེ་བཙུན་ངག་དབང་གྲགས་པ་དང་སྐུ་ཕྲེང་གཉིས་པ་མོག་ལྷ་རམས་པ་རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་གཉིས་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོ་མི་ཤེས་མོད། ཡང་ཆུང་ལྷ་རམས་པ་ངག་དབང་གྲགས་པ་གཅན་ཚ་རྫོང་ཡང་ཆུང་ཞེས་པའི་སྡེ་བར་འཁྲུངས།གྲྭ་ས་དགའ་ལྡན་ཀླུ་འབུམ་ཁམས་ཚན་དགའ་ལྡན་ཞལ་ངོ་དེ་ནས་ལྷ་རམས་པ་བྱས།འབར་ཚག་ཅེས་དགེ་བཤེས་གྲགས་ཅན་ཞིག་བྱུང་།ཁྲི་ངག་དབང་སྙན་གྲགས་ཀྱི་སློབ་མ།ང་རྒྱལ་མེད་ཅིང་ཕན་སེམས་ཆེ།ལཱ་མོ་བདེ་ཆེན་གྱི་ཁྲི་རབས་ཉེར་བཞི་བ་ཡིན་ ཞེས་གསལ་ལ། སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ་བོང་སྟག་མོག་ཚང་དུ་ཡབ་དཀོན་མཆོག་སྐྱབས་དང་།ཡུམ་སྙིང་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས་ལ། བདེ་ཆེན་དུ་སློབ་གཉེར་དབུས་སུ་ཕེབས།མགུར་གྱི་ཁྲིར་བཞུགས། ཞེས་བཀོད་ཡོད། མོག་བླ་མའི་སྐུ་ཕྲེང་གསུམ་པ་དགེ་འདུན་བསྟན་པ་དར་རྒྱས་ནི།ལཱ་མོ་བདེ་ཆེན་དུ་མདོ་རྒྱུད་ཀུན་ལ་གསན་སྦྱོང་ཕུ་ཐག་ཆོད་པ་མཛད།བདེ་ཆེན་གྱི་ཁྲི་རབས་ཞེ་གཅིག་པ་ཡིན།བདེ་ཆེན་དུ་འཆད་སྤེལ་གྱི་སློབ་མ་བསྐྱངས་པས་དགེ་བཤེས་མང་པོ་བྱོན།ས་སྟག་ལོ་སྟེ་སྤྱི་ལོ༡༨༧༩ལོར་མར་ཁའི་དཔོན་སློབ་སོགས་དང་མཉམ་དུ་ཆུ་བཟང་རྭ་ལོ་ཐང་དུ་ལཱ་མོ་གོང་ས་མཆོག་སྤྲུལ་རིན་པོ་ཆེ་རྗེ་དགེ་འདུན་བསྟན་འཛིན་ནོར་བུ་ལ་བཀྲ་ཤིས་ཕྱག་དར་ཕུལ་དུ་ཕེབས། སྐབས་དེར་ཁོང་ལྷོག་རྒོད་ཀྱི་ཉེན་པ་ན་མཆོག་སྤྲུལ་རིན་པོ་ཆེས་གཟིགས་ཏེ་ལྗགས་མཆིལ་ཞིག་གིས་མཐའ་བསྐོར་བ་མཛད་པས་ཐབས་གཞན་མ་དགོས་པར་རིམ་གྱི་དྭངས་སོང་ཞེས་དཔོན་སློབ་པ་ཉིད་ཀྱིས་གསུངས། འཕར་བ་ཞེས་བྱ་ལྕགས་གླང་ལོ་སྟེ་སྤྱི་ལོ༡༩༠༡ལོར་ཞྭ་དམར་རིན་པོ་ཆེ་མཆོག་སྤྲུལ་སྐུ་ཁམས་མ་བདེ་བས་ཁོང་ལཱ་མོ་བདེ་ཆེན་དགོན་པའི་ཚབ་བྱས་གནང་སྟེ་སྐུ་འདྲིར་ཕེབས།སྐབས་དེར་ལཱ་མོ་གོང་ས་མཆོག་བརྒྱུད་ནས་བདེ་ཆེན་གྱི་ཞབས་བརྟན་ཅི་བསྒྲུབ་དགོས་ཞུས།ཆུ་མོ་སྟག་སྟེ་སྤྱི་ལོ༡༩༠༢ལོར་ཁོང་གིས་དཔོན་སློབ་ཀྱི་ཁྲིད་སྐྱོང་བཞིན་པའི་སྐབས་ཞྭ་དམར་རིན་པོ་ཆེ་རྗེ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཀོའུ་བ་དགོན་དུ་ཕེབས་སྐབས་མཇལ་དུ་ཕེབས།ལོ་གསར་འབུལ་དུའང་ཕྱིན། མོག་སྤྲུལ་བའི་སྐུ།རྙེ་དཔོན་སློབ་སོགས་གཙོས་རྔ་མགུར་གྱེར་སྟངས་རྣམས་ཀྱི་ལས་སྣེ་དང་ཨ་གནམ་སྤྲུལ་སྐུ་དང་ཙང་ང་དཔོན་སློབ་སོགས་མདའ་ཚན་གྱི་མི་སྣ་བཅས་རྭ་ལོ་ཐང་དུ་ཕྱིན་ཞེས་བཀོད་ཡོད། མོག་བླ་མ་སྐུ་ཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་སེངྒེ་བོང་སྟག་མོག་ཆེན་དུ་སྐུ་འཁྲུངས་པ་ལས་ཁོང་གི་རྣམ་ཐར་ད་སྔར་བདག་གིས་མ་མཐོང་།
མོག་བླ་མ་སྐུ་ཕྲེང་ལྔ་པ་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།
མོག་བླ་མ་སྐུ་ཕྲེང་ལྔ་པ་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་ནི་བོང་སྟག་སྟོང་དཔོན་དཔལ་བཟང་དང་མོག་རྡོ་རྒྱལ་གྱི་སྐུ་རིང་སྟེ་བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཞེ་དགུ་པ་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ༡༩༡༥ལོར་བོང་སྟག་མོག་ཆེན་དུ་ཡབ་སྐྱ་ལྡིང་དང་ཡུམ་དཔལ་འབྱོར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བདུན་པ་བོད་རབ་བྱུང་བཅོ་ལྔ་པའི་བགྲང་བྱ་ང་ལྔའི་བློ་ངན་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ༡༩༢༡ལོར་བོང་སྟག་མོག་ཆེན་དུ་ཁྲི་སྟོན་རྒྱ་ཆེན་མཛད་ནས་ལཱ་མོ་བདེ་ཆེན་དུ་ཞབས་སོར་བཀོད། སྐུ་སྤུན་མོག་སྐབས་རྒྱལ་དང་བཙུན་བྷོ་གཉིས་ཡིན།
བོང་སྟག་མོག་ཆེན་དུ་སྐུ་འཁྲུངས་ཤིང་ལཱ་མོ་བདེ་ཆེན་དུ་ཚོགས་ཞུགས་མཛད།དགའ་ལྡན་ལྷ་རམས་པ་བློ་བཟང་དགེ་འདུན་དང་ཨ་ཁུ་བློ་བཟང་བསྟན་པ་རྣམ་པ་གཉིས་ཀྱི་ཞབས་ལ་གཏུགས་ནས་གསན་སྦྱོང་གནང་།ལཱ་མོ་གོང་ས་རིན་པོ་ཆེ་རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་མཆོག་གི་མཚན་ཉིད་ཞབས་ཞུ་བ་ཡང་མཛད།རྟགས་གསལ་གཏོང་སྐབས་རིགས་ལམ་མྱུར་ཞིང་རྣོ་བས་གཞུང་གི་དཀའ་གནད་ཀྱི་མདུད་བརྒྱ་གྲོལ་བ་ལ་གཞན་ལས་རྣམ་དཔྱོད་ཁྱད་དུ་འཕགས་པ་ཞིག་ཡིན།ཉིན་ཞིག་ངྷི༔ཚ་ན་བཞུགས་པའི་ལོ་ཁོག་མཁྱེན་རབ་བདེ་ཆེན་དུ་ཕེབས་ཏེ་རྗེ་འདི་བླ་བྲང་དུ་ཉིན་ཁ་ཤས་ལ་བཞུགས།ཁོང་དཔེ་ཆ་ཡག་པོ་ཡོད་པར་མ་ཟད་ཐོས་དོན་རྒྱུད་ལ་སྦྱོར་མཁན་བྱ་བྲལ་རྣལ་འབྱོར་ཞིག་ཡིན་པར་གླེང་བས།སྨོན་ལམ་ཞིག་འདེབས་དགོས་གསུང་ནས་ཆོས་གྲྭར་ཕེབས་ཏེ་རྗེ་འདིའི་འཛིན་གྲྭའི་ནང་དུ་དམ་བཅའ་བཞག་པས་རྗེ་འདི་དང་རྐང་ཚའི་ཡོངས་འཛིན་ཨ་ལགས་གྲགས་པ་སོགས་ཀྱི་བགྲོ་གླེང་བྱས་ནས་ནམ་ཚོད་ཀྱང་ཕར་བསྐྱལ།རྒྱུན་དུ་སྤྲུལ་སྐུའི་སྙེམས་ཚུལ་མི་མཛད་པར་གྲྭ་རྐྱང་དཀྱུས་མའི་ལུགས་ལྟར་ལྟོ་སྐྱ་གོས་ཧྲུལ་ལ་བརྟེན་ནས་དཔེ་ཁྲིད་སྐྱོར་སྦྱངས་ལ་འབད་པ་ཆུ་བོའི་རྒྱུན་བཞིན་མཛད་པས་སྡེ་འདིའི་རིག་སྨྲའི་ཁྲོད་དུ་ཉ་རྒྱས་ཟླ་བ་བཞིན་དུ་ལྷག་གེར་ཡོད།བླ་བྲང་ཨ་ལགས་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་གསུང་ཆོས་གནང་སྐབས་ཁོང་གི་སྔོན་འགྲོའི་བཤད་པ་དང་བཅས་པ་ཟིན་བྲིས་སུ་བཏབ་ནས་མི་བརྗེད་པའི་ཐབས་ཚུལ་འབད་ཅིང་།ལཱ་མོ་གསེར་ཁྲི་སྤྲུལ་བསྟན་པའི་རྒྱལ་མཚན་མཆོག་དང་མཉམ་དུ་ཆུ་མིག་བརྒྱ་རྩ་འགྲིམས། སྤྱི་ལོ་ང་བརྒྱད་ལོའི་ཡར་སྔོན་ལ་བདེ་ཆེན་དཔོན་སློབ་ཁྲི་རབས་རེ་གསུམ་པའི་ཁྲི་འགན་བཞེས་པ་མོག་སྡེ་བའི་ད་སྐབས་ལོ་ན་བརྒྱད་ཅུ་ལས་བརྒལ་བའི་བགྲེས་བོ་སྙིང་ལྕགས་ཆེ་གཙོས་མོག་གི་བགྲེས་པོ་ཀུན་ལ་གསལ།
སྐུ་ཕྲེང་དང་པོ་ཡང་ཆུང་ལྷ་རམས་པ་ངག་དབང་གྲགས་པ་གཅན་ཚའི་ཡང་ཆུང་སྡེ་བར་འཁྲུངས།སྐུ་ཕྲེང་གཉིས་པ་མོག་ལྷ་རམས་རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་བོང་སྟག་མོག་ཆེན་ཏུ་སྐུ་འཁྲུངས།སྐུ་ཕྲེང་གསུམ་པ་གྲུབ་པའི་དབང་ཕྱུག་རྗེ་བཙུན་དགེ་འདུན་བསྟན་པ་དར་རྒྱས་བོང་སྟག་མོག་ཆེན་དུ་སྐུ་འཁྲུངས། སྐུ་ཕྲེང་བཞི་པ་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་སེངྒེ་བོང་སྟག་མོག་ཆེན་ཏུ་འཁྲུངས།སྐུ་ཕྲེང་ལྔ་པ་བདེ་ཆེན་དཔོན་སློབ་ཁྲི་རབས་རེ་གསུམ་པ་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་བོང་སྟག་མོག་ཆེན་དུ་སྐུ་འཁྲུངས།
དཔྱད་གཞིའི་ཡིག་ཆ།
མོག་ཡང་ཆུང་ལྷ་རམས་པ་ངག་དབང་གྲགས་པའི་བླ་མ་དགའ་ལྡན་གསེར་ཁྲི་རེ་བདུན་པ་ཁྲི་ཆེན་ངག་དབང་སྙན་གྲགས་ཡིན་ལ། ཁོང་ཚང་ནི་རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀྱི་ཡོངས་འཛིན་ཡིན།
མོག་བླ་མ་སྐུ་ཕྲེང་ལྔ་པ་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་ནི།འདུལ་ཁྲིམས་མིག་ལྟར་སྲུང་ནས་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་འཛོམས་ལ།སྐུ་ཚེ་གང་བོར་གཉོམ་ཆུང་ཚུལ་མཐུན་གྱིས་གོས་ཧྲལ་ཧྲུལ་དང་ཟས་ངན་ངོན་ལ་བསྟེན་པ་ཡིན།སྤྱི་ལོ༡༩༧༦ལོའི་བོད་ཟླ༤བའི་ཚེས༡༥ཉིན་རྟག་འཛིན་ཅན་རྣམས་ཀྱི་སྣང་ངོར་བོང་སྟག་མོག་ཆེན་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།སྐུ་གདུང་རིང་བསྲེལ་འཁྲུངས་ཡུལ་སེངྒེ་གནམ་མཆོང་དུ་རྒྱལ་བ་མི་འཁྲུགས་པའི་སྐུ་འབུམ་ཞིག་བཞེངས་ཡོད།དབུ་ཐོད་དོན་གཉེར་ཅན་འགས་སྦས་གསང་བྱས་ནས་ལཱ་མོ་བདེ་ཆེན་དུ་གདན་དྲངས།སྐུ་ཕྱོགས་རྒྱབ་ཚང་གིས་སྦྱིན་བསྲེག་བྱས་ནས་རུས་ཆོག་སྒྲུབ་སྟེ་རྒྱལ་བ་མི་འཁྲུགས་པའི་འཇིམ་སྐུ་ཞིག་བཞེངས་ནས་ད་སྐབས་ལཱ་མོ་བདེ་ཆེན་དགོན་པའི་མོག་ནང་ཆེན་དུ་བཞུགས་ཡོད།
༡.ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོར་པར་སྐྲུན་བྱས་བའི་མདོ་སྨད་ཆོས་འབྱུང་།
༢.མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོར་དཔར་སྐྲུན་བྱས་བའི་ཨ་ལགས་བླ་ཁོ་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོས་མཛད་པའི་ལཱ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་བདུན་པ་རྗེ་བཙུན་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་པོའི་རྣམ་ཐར་དང་སྐུ་གདུང་མཆོད་རྟེན་དཀར་ཆག
༣.ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས༢༠༡༢ལོར་དཔེ་སྐྲུན་བྱས་པའི་ལཱ་མོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཁ་སྐོང་དད་གསུམ་རིན་ཆེན་འདྲེན་པའི་ཤིང་རྟའི་སྨད་ཆ།
༤.མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༤ལོར་པར་སྐྲུན་བྱས་བའི་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས།
༥.ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོར་པར་སྐྲུན་བྱས་བའི་མདོ་སྨད་སྣང་རའི་ལོ་རྒྱུས།
༦.མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོར་པར་སྐྲུན་བྱས་བའི་བསྟན་རྩིས་ཀུན་བཏུས།
༧.མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ་དང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ནང་བསྟན་མཐུན་ཚོགས་ནས་པར་སྐྲུན་བྱས་བའི་ལཱ་མོ་ཚ་ཀན་ནོ་མོན་ཧན་ཧོ་ཐོག་ཐུ་ཚང་གི་རྣམ་ཐར།མཛད་པ་པོ་ལཱ་མོ་ཡོངས་འཛིན་རྗེ་བཙུན༧བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ།
资料:《安多政教史》《笫七世夏茸尕布传》巜历代甘丹赤巴略传》《拉莫雍增上师传下册》巜藏族历史年鉴》巜拉莫德乾寺志》巜帛拉志》
ཟུར་མཆན།
ཡང་ཆུང་ལྷ་རམས་པ་ངག་དབང་གྲགས་པའི་བླ་མ་ཁྲི་ཆེན་ངག་དབང་སྙན་གྲགས་ཀྱི་ལོ་རྒྱུས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་བས་དགའ་ལྡན་ཁྲི་བ་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས་སུ་གསལ།
རྩོམ་གསར། 10