དཔལ་བརྒྱ་རིན་པོ་ཆེ་དང་ཨ་ཕྱུག་རྩྭ་ཐང་གི་གླིང་སྒྲུང་།

འཇམ་དཔལ་རྒྱ་མཚོས་བྲིས།        2010-12-23

གླིང་སྒྲུང་དུ་གྲགས་པའི་གེ་སར་རྒྱལ་པོའི་ཕ་ཡུལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་ཞང་ཚར་ཚར་དགོན་གྱི་སྤྲུལ་པའི་སྐུ་དང་།གེ་སར་ལྷ་ཁང་གི་འགན་ཁུར་པ་དཔལ་བརྒྱ་རིན་པོ་ཆེ་ནི།ནང་བསྟན་གཞུང་ལུགས་ཀུན་ལ་མཁྱེན་པ་ཡངས་ལ།དད་ལྡན་སེར་སྐྱ་མང་ཚོགས་ཁྲོད་དུ་སྙན་པའི་གྲགས་པ་འབྲུག་ལྟར་གྲགས་ཤིང་།《གླིང་སྒྲུང་》འཛིན་སྐྱོང་ཐད་མཛད་པ་ཆེས་ཆེ་བའི་སྐྱེས་བུ་དམ་པ་ཞིག་རེད།
  《གླིང་སྒྲུང》ནང་གསལ་བའི་འཛམ་གླིང་གེ་སར་རྒྱལ་པོ་འཁྲུངས་ས་ནི།སྡེ་དགེའི་ཆར་གཏོགས་པའི་སུམ་མདོ་སྐྱིད་ཉི་མ་ཀུན་མཁྱིལ་ཏེ།ད་ལྟ་གེ་སར་ལྷ་ཁང་ཆགས་སའི་ཉེ་འདབས་སུ་ཡོད་པའི་བྲག་རྡོ་ཆེན་པོ་དེ་ཡིན་པའི་ངོས་འཛིན་བྱེད་པ་མང་།དཔལ་བརྒྱ་རིན་པོ་ཆེས་གསུངས་པ་ལྟར་ན།སྦལ་གཟུགས་དང་འདྲ་བའི་བྲག་རྡོ་ཆེན་པོ་དེར་གེ་སར་རྒྱལ་པོ་འཁྲུངས་དུས་ཀྱི་ཡིན་ཟེར་བའི་བྱིས་པ་ལོ་གསུམ་གྱི་གཟུགས་དང་མཉམ་པའི་ཤུལ་དང་ཕྱག་རྗེས་ཞབས་རྗེས་ལ་སོགས་དངོས་སུ་མཇལ་རྒྱུ་ཡོད་པ་མ་ཟད།དེའི་མི་རྣམས་ཀྱིས་ཀྱང་མི་རབས་ནས་མི་རབས་བར་དེ་གེ་སར་རྒྱལ་པོ་འཁྲུངས་སའི་གནས་གྲགས་ཅན་ཞིག་ལ་བཀུར་ནས་གསོལ་བ་སྨོན་ལམ་འདེབས་པས་ན།ཕྱིས་སུ་རྒྱ་ཚ་ཞལ་དཀར་གྱི་རྗེས་རབས་ཡིན་ཟེར་བའི་སྡེ་དགེ་གླིང་ཚང་གིས་གེ་སར་རྒྱལ་པོའི་མཛད་པ་ཐམས་ཅད་མི་བརྗེད་པའི་ཆེད་དུ་བྲག་རྡོ་དེའི་ཉེ་འདབས་སུ་གེ་སར་ལྷ་ཁང་བཞེངས།དེ་ནི་གེ་སར་ལྷ་ཁང་ཐོག་མར་བྱུང་བའི་ལོ་རྒྱུས་རེད།གོ་ཐོས་ལྟར་ན་གེ་སར་ལྷ་ཁང་དང་སྡེ་དགེ་པར་ཁང་གཉིས་བཞེངས་པའི་ལོ་རྒྱུས་འདྲ་མཚུངས་ཡིན་སྐད།  དཔལ་བརྒྱ་རིན་པོ་ཆེས་ངོ་སྤྲོད་གནང་དོན།གེ་སར་ལྷ་ཁང་གི་བཀོད་པ་གཙོ་བོའི་མཐོ་རྗེས།ཚར་ཚར་དགོན་པའི་སྤྲུལ་སྐུ་སྐུ་ཕྲེང་གོང་མ་སྐུ་ཞིང་ལ་ཕེབས།སྐུ་སྐྱེ་ངོས་འཛིན་ཞུ་ཆེད་དགོན་པས་དབུས་སུ་མི་མངགས་ནས།བཀའ་བརྒྱུད་པའི་གདན་ས་གཙོ་བོ་མཚུར་ཕུ་དགོན་པའི་རྒྱལ་བ་ཀརྨ་པར་ཐུགས་དམ་ཞུས།༡༩༥༥ལོའི་དབྱར་དུས་སུ།ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ནས།པེ་ཅིན་གྱི་ཚོགས་འདུ་གྲོལ་ནས་བོད་ལ་ཕྱིར་ཕེབས་པའི་ལམ་བར་སྡེ་དགེ་བརྒྱུད་ནས་ཕེབས་སྐབས།དཔལ་བརྒྱ་རིན་པོ་ཆེ་ཚར་ཚར་དགོན་པའི་སྤྲུལ་སྐུ་སྐུ་ཕྲེང་བདུན་པར་ངོས་འཛིན་གནང་ནས།ཆོས་མིང་ལ་ཀུན་མཁྱེན་བཀའ་བརྒྱུད་བསྟན་འཛིན་ཞེས་གསོལ།དཔལ་བརྒྱ་རིན་པོ་ཆེ་ཆུང་ངུའི་དུས་ནས་ཚར་ཚར་དགོན་པའི་སྤྲུལ་པའི་སྐུར་ངོས་འཛིན་ཞུས་རུང་བྱིས་པའི་དུས་ཡིན་སྟབས།དགོན་པར་དཔེ་ཆ་བློ་བཟུང་དང་བོད་ཡིག་འབྲི་ཀློག་རྩེད་མོ་རྩེ་ཞོར་རྒན་རབས་དང་སྒྲུང་པ་རྣམས་ཀྱི་མདུན་ནས《གླིང་སྒྲུང》ཉན།ཡི་གེ་འབྲི་ཀློག་ཤེས་པའི་རྗེས།དུས་ཚོད་ཡོད་རེ་བཞིན་《གླིང་སྒྲུང》གཟིགས་རྒྱུར་དགའ་བ་ཆགས་པ་མ་ཟད།དེ་འབྲེལ་གྱི་རིག་ཤུལ་དང་རིག་དངོས་ལ་དོ་སྣང་བྱེད་མཁན་ཞིག་ཏུ་གྱུར་པ་རེད།དེས་ན་དཔལ་བརྒྱ་རིན་པོ་ཆེ་ནི་ཆུང་ངུའི་དུས་སུ《གླིང་སྒྲུང》རིག་གནས་ཀྱི་བག་ཆགས་ཟབ་མོའི་འོག་འཚར་ལོངས་བྱུང་བ་རེད་ཅེས་བཤད་ཆོག
 གེ་སར་ལྷ་ཁང་དང་《གླིང་སྒྲུང》རིག་གནས།
ཨ་ཕྱུག་རྩྭ་ཐང་ཐོག་གླིང་གེ་སར་རྒྱལ་པོ་དང་འབྲེལ་བ་ཡོད་པའི་སྒྲུང་དང་རིག་ཤུལ་མང་ཞིང་།གེ་སར་ལྷ་ཁང་ནི་དེ་རིགས་ཀུན་ཏུ་འདུས་པའི་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་རེད།ཆོས་ལ་དད་པ་བྱེད་མཁན་མང་ཚོགས་རྣམས་ཀྱིས་གེ་སར་ལྷ་ཁང་རང་གི་དད་པ་བྱེད་སའི་གནས་དང་།གེ་སར་རྒྱལ་པོ་རང་གི་སྐྱབས་སུ་བཅོལ་སའི་མགོན་པོར་བཀུར་ནས།རྟག་ཏུ་གསོལ་བ་སྨོན་ལམ་འདེབས་པ་དང་།ཞིབ་འཇུག་པ་རྣམས་ཀྱིས་གེ་སར་ལྷ་ཁང་དེ་རིག་ཤུལ་གལ་ཆེན་ཞིག་ལ་བརྩིས་ནས།གནའ་བོའི་ལོ་རྒྱུས་ཀྱི་བརྩམས་ཆོས་ཆེན་པོ་《གླིང་སྒྲུང་།》དང་བཅས་པའི་སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པ་རེད།དེ་འདྲའི་གནས་ཚུལ་འོག།ལ་ལས་དཔལ་འབྱོར་གྱི་མཐུན་རྐྱེན་བསྒྲུབས་པ་དང་།ལ་ལས་གླ་མེད་ངལ་རྩོལ་བྱས་ནས་རང་རང་གི་ནུས་ཤུགས་གང་ཡོད་བཏོན་སྟབས།གེ་སར་དྲན་རྟེན་ཁང་ཉམས་བཟོ་གསར་བཞེངས་ཀྱི་ལས་ཀ་བདེ་བླག་ངང་གྲུབ་ནས།ད་ལྟའི་གཞི་རྒྱ་འདི་ལྟ་བུ་བྱུང་བ་རེད།འདི་ནི་རང་རྒྱལ་གྱི་གེ་སར་དྲན་རྟེན་ཁང་ཨང་དང་པོ་ཡིན་པས།རང་རྒྱལ་གྱི་《གླིང་སྒྲུང་།》རིག་གནས་འཕེལ་རྒྱས་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན།གེ་སར་དྲན་རྟེན་ཁང་གི་ཤར་ངོས་སུ་ཡོད་པའི་རྩྭ་ཐང་ཐོག ཕྱིས་སུ་དཔལ་བརྒྱ་རིན་པོ་ཆེས་གེ་སར་རྒྱལ་པོའི་ཟངས་སྐུ་ཆེན་པོ་ཞིག་ཀྱང་བཞེངས། 1991ལོར་དཔལ་བརྒྱ་རིན་པོ་ཆེ་པེ་ཅིན་གྱི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་ཐོན་ཏེ་ཕ་ཡུལ་ལ་ཕྱིར་ཕེབས་པའི་རྗེས།སྡེ་དགེ་རྫོང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དང་།1994ལོར་སྡེ་དགེ་རྫོང་ནང་བསྟན་ཕུན་ཚོགས་ཀྱི་ཚོགས་གཙོ།2008ལོར་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་བདམས།ཁོང་ནི་རྒྱལ་ཁབ་ལ་དགའ་ཞིང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་མཁན་གྱི་སྤྲུལ་པའི་སྐུ་ཞིག་ཡིན་སྟབས།རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་སྟོན་མི་སྣ་དང་།མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ་ཞེས་པ་ལ་སོགས་པའི་སྲིད་གཞུང་རིམ་པ་ཁག་གི་གཟེངས་བསྟོད་མཚན་སྙན་མང་པོ་ཐོབ་མྱངས་པ་རེད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:དགེ་རྟག་སྤྲུལ་སྐུ།