ལུས་སྦྲིད་པའི་གདངས་ནས་རྙེད་པའི་གླུ།

བྲན།        2023-05-05

གཞོན་ལུས་འཁྲི་ཤིང་ལྗོན་པའི་རྩེར། །

སྙིང་གི་ཨུཏྤལ་འདབ་ལོ་དག །

བཞད་པའི་རྩེ་དགའ་སྟོང་གི་རོ། །

མཆུ་སྒྲོས་བསྐྱོད་པའི་ལན་གཅིག་མྱངས། །

ཟླ་བའི་བཞིན་དཀར་འོད་ཀྱི་ཁམས། །

ཉེར་བར་ལྡག་པའི་ཁ་ཆུའི་ཚོགས། །

བ་ཀུ་ལ་ཡི་འདབ་ལྡན་བཞིན། །

མིག་ཟུར་འབྱེད་པའི་ཆོ་ག་ཡིན། །

རེ་བའི་ས་བོན་གཏོར་བ་ལས། །

བྱས་བསགས་འབྲས་ཀྱི་མྱུ་གུ་ལ། །

ཐོགས་པའི་སྙེ་མ་ཉམས་ལྡན་དག །

ཡོད་གར་འོངས་ཞེས་སུས་མི་བརྗོད། །

དབྱིངས་ན་འཛུམ་པའི་རི་དྭགས་མིག །

སྙེམས་པའི་ང་རྒྱལ་གཅོག་སླད་དུ། །

ཁྱེད་ཞལ་ཟླ་བ་སར་བའི་མདངས། །

མི་ཚོགས་སྤྲིན་པའི་ཕག་ནས་ཐོན། །

དེ་བས་ལག་མཐིལ་དམར་པོའི་ཆ། །

མཚོན་བྱེད་སྲོད་ཀྱི་སྤྲིན་པ་ཡང་། །

རྒྱང་ལ་གྱེས་པས་མིག་གི་མཐར། །

དྭངས་གསལ་མཆི་མའི་མུ་ཏིག་ཐོར། །

ཨེ་མ་གསོན་ཅིག་བློས་ཐུབ་གྲོགས། །

མུན་པ་མཐར་བྱེད་ཁྲོས་པའི་གཟུགས། །

ནམ་ཞིག་མཐོང་ལས་སྙིང་གི་ཁམས། །

གས་པའི་ལས་ནི་བཟློག་འགྱུར་གྲང་། །

དཀའ་ཐུབ་སྤྱོད་པའི་མཚན་གྱི་མི། །

ག་ཙམ་བསྐྱོད་ལས་ཞབས་སེན་གྱི། །

རི་མོ་ཡང་དག་གསལ་བའི་ཤུལ། །

འཚོལ་བའི་ཐབས་དེ་རྙེད་པར་ཤོག །

དེ་ལས་འདུ་བྱེད་སེམས་ཀྱི་དབྱངས། །

ཚོར་བའི་གདངས་ལ་སྙན་ཆ་འབུམ། །

རྫོགས་པའི་འགྱུར་ཁུགས་མ་རྙེད་ཀྱང་། །

སྤོབས་པའི་དེ་ཉིད་གཞན་ཞིག་འོངས། །

རང་རིགས་མཐོང་བའི་མེ་ལོང་ངོར། །

རྗེན་པར་འཆར་བའི་གདོས་བཅས་ཀྱི། །

ཤ་ལུས་ཁྲག་གི་ཕུང་པོའི་གཟུགས། །

ཤར་བའི་རྣམ་རྟོག་ལུས་མེད་སྨྱོ། །

དེ་ཡང་མིན་ཏེ་འདོད་ཁམས་ཀྱི། །

ལས་ཉོན་འཕར་བའི་སྲིན་མོ་འདི། །

ཁྲོས་པའི་རྣམ་འགྱུར་མིན་ནམ་ཅི། །

ཡང་གཅིག་གསོན་དང་འོད་ཀྱི་སྲས། །

ཆོས་དབྱིངས་སྟོང་བའི་ནམ་མཁའ་ན། །

འོད་གསལ་མ་བུ་འཕྲད་པའི་བརྡར། །

དགའ་བའི་ལྕགས་ཀྱུས་འདྲེན་པ་ལ། །

འོད་གསལ་དབྱིངས་ལ་མི་བྱོན་ཅི། །

འཇམ་མཉེན་ཆུ་སྐྱེས་གཞོན་ནུ་དེ། །

སྙེམས་པར་མ་འཚལ་ན་ཆུང་གི །

སྒེག་པའི་ཉམས་ལ་སྐེད་མེད་ཀྱི། །

མཛེས་པ་ལྡན་ཞེས་གྲགས་སོ་སྐད། །

ཨེ་མ་ངོ་མཚར་སྒྱུ་མའི་རྟ། །

ཞོན་པའི་རྐྱལ་རྩལ་མི་འཛོམས་སམ། །

ཡང་དག་རྫོགས་པའི་བྱང་ཆུབ་ཀྱི། །

མཆོག་གི་དངོས་གྲུབ་ཐོབ་བམ་ཅི། །

སྨིན་ལེགས་འཁྲུལ་བའི་ཆོ་ག་མཁན། །

སྟོང་གསུམ་སྲིད་ཞིའི་ཕུན་ཚོགས་ཀུན། །

གཅིག་ཏུ་བསྡུ་བའི་ཐུགས་མངའ་ན། །

ཁྱོད་ནི་ཀུན་ནས་རྒྱལ་བར་ངེས། །

འདི་ལས་བགྱིས་པ་དག་ནི་འཕྲུལ་མ་ཡིན། །

འཕྲུལ་གྱི་འཁོར་ལོ་བསྐོར་བའི་རྫུན་མ་ཡིན། །

རྫུན་གྱི་རྒྱལ་ཁམས་བསྐོར་བའི་གཏམ་མ་ཡིན། །

གཏམ་འདི་འཕྲལ་དང་ཕུགས་ཀྱི་གདངས་ནས་རྙེད། །



  • ལེ་ཚན་སྔོན་མ།:གཅེར་བུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།