ནགས་སུ་འཁྱིལ་བའི་འཕྲུལ།

ཐོར་བུ།        2023-05-19

ང་ཉིད་ནགས་ཚལ་བརྒྱུད་དེ་ཕར་ལ་ཕྱིན།།

རྦབ་ཆུ་ཤང་ཤང་འབབ་པའི་ཆུ་ངོགས་བསྡད།།

མེ་ཏོག་དྲི་ལ་སྣོམ་བཞིན་གླུ་ལ་ཉན།།

ལུས་པོ་དྲུང་པོར་བསྲངས་ཏེ་ཏིང་འཛིན་བསྒོམ།།

ཉི་འོད་ཅུང་ཙམ་ནང་གི་སེམས་ངོས་སུ།།

ཕ་ཡུལ་འདི་ཡི་རྣམ་པ་ཡང་ཡང་བྲིས།།

ལང་ཚོའི་འདབ་མ་འདི་ལས་འཐོར་མྱོང་ཞིང་།།

བརྩེ་དུང་ཆང་རག་འདི་ནས་བཏུང་ཡང་མྱོང་།།

དགའ་སྤྲོའི་འཛུམ་མདངས་འདི་ནས་བཞད་ཀྱང་མྱོང་།།

སྨེང་བའི་མིག་ཆུ་ཞིག་ཀྱང་བཞུར་ལོས་མྱོང་།།

ཁྱོད་ཀྱི་པང་དུ་ང་ནི་བྱིས་པ་སྟེ།།

བསམ་བློའི་ན་ཚོད་མེད་པས་ཤིན་ཏུ་ཆུང་།།

ང་ཉིད་རྦབ་ཆུའི་སྒྲ་ཡིས་ཡུན་རིང་བཟི།།

སྣང་བའི་ཕྱེ་ལེབ་ཁྲ་བོ་ཡར་མར་ལྡིང་།།

དེ་ལྟ་ན་ཡང་ཁོ་ར་ཁོར་ཡུག་ཏུ།།

སྙན་ངག་རི་དྭགས་ཤིག་ཀྱང་དལ་བུ་ཐོན།།

ནང་སེམས་སྒེའུ་ཁུང་དབུས་སུ་བུ་ཆུང་ཞིག།

སྨེང་བའི་མདུད་པར་འཁྱུད་ནས་ངུ་བར་བྱེད།།

དེ་ཡང་ནང་གི་རྣམ་རྟོག་སྣ་ཁ་ཞིག།

ཆུང་བའི་མེ་ཏོག་དག་ལ་ལྟ་བའི་ཚེར།།

ཟིལ་བ་ལག་པར་འགོས་ཏེ་སེམས་ལ་བབས།།

དེ་ཚེར་གངས་དང་རྫ་ཡི་གནས་དག་ཏུ།།

ངག་གི་རྩ་མདུད་གྲོལ་བའི་རྣལ་འབྱོར་བ།།

ནགས་ཀྱི་སྦྱིལ་བུའི་ནང་དུ་གཉིད་པར་བརྩམས།།

ངས་ཀྱང་ཉིད་ཀྱི་ལྟ་བཞིན་རྦབ་ཆུའི་ངོགས།།

རྨི་ལམ་འཇའ་ཚོན་ནང་དུ་སེམས་རྩེ་གཏད།།


  • ལེ་ཚན་སྔོན་མ།:ཨ་མ།
  • ལེ་ཚན་རྗེས་མ།:ཕུ་བོར་ཕུལ་བའི་སྙིང་གཏམ་ཀ་རྩོམ་མ།