གངས་ལྗོངས་ཉི་གཞོན། 2023-05-19
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ལ་རྒྱལ་རོང་བོད་མིས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་གསར་དུ་བསྐྲུན་པ་རེད། ཐེལ་ཙེ་བརྒྱབ་ཡོད་པའི་ཐལ་བསྲེག་གོ་རེ༼ མོའོ་མོའོ ༽ ནི་འཐུས་ཚབ་རང་བཞིན་ལྡན་པའི་བཟའ་བཏུང་གི་རིགས་ཤིག་ཡིན། ཐལ་བསྲེག་གོ་རེ ༼ མོའོ་མོའོ ༽ ལ་རྒྱལ་རོང་བོད་སྐད་དུ་དེ་མོ་ཡག་ཅེས་ཟེར་ཞིང་དེའི་དཀྱིལ་དུ་བརྒྱབ་པའི་ཐེལ་ཙེའི་རི་མོ་ལ་ཁོ་ཚོས་རི་གྱོ་ཞེས་འབོད། དེ་ཡང་མོའོ་མོའོ་ཡི་ཐོག་ལ་ཐེལ་ཙེ་རྒྱག་པའི་སྲོལ་ནི་བཀའ་དྲིན་གཞལ་དུ་མེད་པའི་ཨ་མྱེ་སྒོ་གདོང་ལ་དྲན་རྟེན་ཞུ་བའི་ཆེད་དུ་རྒྱལ་རོང་མི་དམངས་ཀྱིས་གང་གི་སྤྱན་འབྲས་ལ་དཔེ་བླངས་ནས་ཐེལ་ཙེ་བཟོས་པ་ཡིན་ལ་གལ་སྲིད་མོའོ་མོའོ་ཡི་ཐོག་ལ་ཐེལ་ཙེ་བརྒྱབ་མེད་ན་ཨ་མྱེ་སྒོ་གདོང་གི་བྱིན་རླབས་ཕོག་མེད་པར་འདོད་ནས་བཟའ་སྲོལ་མེད། དང་ཐོག་ཐེལ་ཙེ་ནི་དབྱིབས་གོར་མོ་ལ་པད་མའི་རི་མོ་ཅན་ཞིག་ཡིན་མོད་རིམ་བཞིན་དུ་ཁྱིམ་ཚང་སོ་སོའི་འདོད་ཕྱོགས་ལྟར་དབྱིབས་དང་རི་མོ་རྣམ་པ་སྣ་ཚོགས་ཅན་དུ་གྱུར་པ་ནི་གཤམ་དུ་ངོ་སྤྲོད་བྱས་པ་ལྟར་རོ། ཐལ་བསྲེག་གོ་རེ༼ མོའོ་མོའོའི ༽ འབྱུང་ཁུངས་ལ་དམངས་ཁྲོད་དུ་འདི་འདྲའི་གཏམ་རྒྱུད་ཅིག་ཡོད་དེ། གནའ་སྔོན་མོར་ཁྱིམ་ཚང་ཞིག་གི་ཁྱིམ་བདག་སྐྱེས་པ་དེ་དུས་རྒྱུན་དུ་རི་འགོར་རི་དྭགས་རྔོན་དུ་འགྲོ། ཉིན་ཞིག་ལ་ཁོ་ཡིས་ནམ་རྒྱུན་ལྟར་བྲག་ཁུང་དུ་མེ་སྦར་ཏེ་རྫ་ཁོག་ནང་ལ་ཟན་ལོག་བསྲེག་པའི་སྐབས་སུ་ཕ་རོལ་གྱི་རི་བོར་གཅན་གཟན་གྱིས་ངར་སྐད་སྒྲོག་པ་ཐོས་པས་ལམ་སང་ཟན་ལོག་ཐལ་བར་སྦས་ཏེ་གཅན་གཟན་གསད་པར་སོང་། ཚུར་ལོག་དུས་ཁོ་ཡིས་ང་ལ་ཤ་བཟའ་རྒྱུ་ཡོད་ཀྱང་ཟན་ལོག་ཚིག་སྟེ་བཟའ་མི་ཉན་ཞེས་རང་གིས་རང་ལ་ཁེར་ལབ་བྱས་ཏེ་ཐལ་བ་བསློགས་ཏེ་བལྟས་དུས་ཟན་ལོག་མ་ཚིག་པར་དབྱིབས་གོར་གོར་ལས་དྲི་ཞིམ་འཐུལ་བས་ཁོ་ཧ་ཅང་དགའ་སྟེ་དེ་མོ་ཡག་དེ་མོ་ཡག
༼ མིག་འབྲས་དང་འདྲ་བའི་དོན་ཡིན ༽ ཅེས་ངག་ལས་ཤོར། དུས་དེ་ནས་བཟུང་དེ་མོ་ཡག་ཅེས་པའི་མིང་དེ་རྒྱལ་རོང་ས་ཁུལ་དུ་དར་ཏེ་ད་ལྟའི་བར་དུ་གནས། རྒྱལ་རོང་ཐལ་བསྲེག་གོ་རེ༼ མོའོ་མོའོ ༽ ལ་གྲོ་དང་བྲ་བོ། ནས། མ་རྨོས་ལོ་ཏོག་བཅས་ལས་བཟོས་པ་ཡོད་ཀྱང་དེའི་ནང་ལས་གྲོ་ཕྱེ་ལས་བཟོས་པ་གཙོ་བོར་བཟུང་། ལག་ཟུང་གིས་ཟན་ལོག་བརྗི་མཉེད་བྱས་ཚར་རྗེས་ལྕགས་ལེབ་ཐོག་ལ་བསྲེག་ཙམ་བྱས། དེ་ནས་ཚ་རླབས་ལྡན་པའི་ཐབ་ཀའི་ཐལ་བ་ནང་ལ་སྦས། སྐར་མ་གཉིས་གསུམ་ཙམ་ལ་སྒྱུར་ལོག་ཐེངས་རེ་བརྒྱབ། ལག་པས་གོ་རེ་ལ་ཡང་མོས་རྡེག་དུས་སྦུག་སྦུག་ཅེས་པའི་སྒྲ་གྲག་ན་ཚོས་ཟིན་པའི་རྟགས་ཡིན། དེ་ནས་གོ་རེའི་ངོས་ཀྱི་སྐོག་པགས་མཐུག་པོ་སྐོར་གཞོག་བྱས་ཏེ་ནང་ལ་མར་དང་སྤོད་བཞག། མར་བཞུས་ཏེ་གོ་རེའི་ནང་ལ་སིམས་པས་དྲི་ཞིམ་ཁྱབ་ལ་ཟས་བཅུད་ལྡན་པ་ཞིག་ཡིན། དེ་ལ་རྒྱལ་རོང་སྐད་དུ༼ ད་པོ་པའམ༽ ༼ པོ་ལོ་པུ་ཀ༽ ཞེས་འབོད། ཐལ་བསྲེག་གོ་རེ་ནི་རྒྱལ་རོང་བོད་མིའི་ཐུན་མོང་མ་ཡིན་པའི་བཟའ་བཏུང་རིག་གནས་ཤིག་ཡིན་པས་རང་གིས་ལོངས་སུ་སྤྱོད་ཆོག་པར་མ་ཟད་སྤྱི་ཚོགས་ཐོག་གི་སྤྱི་དོན་དང་མགྲོན་པོ་ལ་སྣེ་ལེན། དུས་ཆེན་བཅས་ལ་མེད་དུ་མི་རུང་བའི་གཙོ་ཟས་ཤིག་ཡིན། དེའི་མཐའ་སྐོར་གྱི་ཁྲ་རིས་དང་ངོས་ཀྱི་བཀོད་སྒྲིག་བྱེད་ཐབས། བསྲེག་བཟོའི་དུས་ཚོད་བཅས་ལ་དང་དོད་ཆེན་པོ་བྱེད་དགོས། ནང་དགོས་སུ་བཤད་དགོས་པ་ཞིག་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཡོད་པའི་རི་མོའང་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན། ཐལ་བསྲེག་གོ་རེ༼ མོའོ་མོའོའི ༽ ངོས་ཀྱི་དཀྱིལ་ལ་བརྒྱབ་པའི་ཐེལ་ཙེའི་རི་མོ་སྣ་ཚོགས་ཀྱིས་དུས་ཆེན་སོ་སོ་དང་ས་གནས་སོ་སོ། མགྲོན་པོ་སོ་སོར་གང་ལ་གང་མཁོ་དེ་ལ་དེ་བསྟུན་གྱིས་བཟའ་བཏུང་གི་གུས་ལུགས་དང་བཀྲ་ཤིས་སྨོན་འདུན་མཚོན་པས་དེ་ནི་ཐུན་མོང་མ་ཡིན་པའི་བཟའ་བཏུང་ཞིག་ཡིན་པར་མ་ཟད་ཐུན་མིན་གྱི་རིག་གནས་ཤིག་ཀྱང་ཡིན། ཐལ་བསྲེག་གོ་རེའི་ཐེལ་ཙེའམ་རི་མོ་ཧ་ལམ་འཕེལ་རིམ་གསུམ་བརྒྱུད་ཡོད་དེ། གཅིག་ནི་བོན་ཆོས་རྒྱལ་རོང་ཡུལ་ལ་དར་བའི་དུས། གཉིས་ནི་ནང་ཆོས་རྒྱལ་རོང་ཡུལ་ལ་དར་བའི་དུས། གསུམ་ནི་མིང་དང་ཆིན་རྒྱལ་རབས་ཀྱི་རྗེས་ཀྱི་དུས་སོ།། དུས་སྐབས་མི་འདྲ་བའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཐལ་བསྲེག་གོ་རེའི་ཐེལ་ཙེའི་རི་མོའང་ཆེས་ཐོག་མ་དང་ཆེས་སྟབས་བདེ་ནས་ཆེས་མཐོ་རིམ་དང་ཆེས་སྣ་མང་དུ་འཕེལ་བའི་གོ་རིམ་བརྒྱུད། དཔྱད་གཞིའི་ཡིག་ཆ་ལ་བརྟག་ན། ཐལ་བསྲེག་གོ་རེའི་ཐེལ་ཙེའི་རི་མོ་ལ་འདྲ་མིན་སྣ་ཚོགས་ཡོད་ཀྱང་། མདོར་བསྡུས་ན་རིགས་གསུམ་གྱི་ཁོངས་སུ་གཏོགས་ཏེ། རིགས་དང་པོ་ལ་མཛུབ་གསུམ་ཐེལ་ཙེ་ཞེས་ཟེར་ཏེ་མིའི་མཐེ་བོང་དང་གོང་མཛུབ། དཀྱིལ་མཛུབ་བཅས་མཛུ་གུ་གསུམ་མཉམ་དུ་བསྒྲིགས་ཏེ་གོ་རེའི་ཐོག་ཏུ་དཔར། མཐེ་བོང་གིས་ཉི་མ་དང་གོང་མཛུབ་ཀྱིས་ཟླ་བ། དཀྱིལ་མཛུབ་ཀྱིས་སྐར་མ་མཚོན། རྒྱལ་རོང་སྐད་དུ་དེ་ལ་དཀོན་མཆོག་གསུམ་ཞེས་འབོད། དཀོན་མཆོག་གསུམ་ཐེལ་ཙེ་ཡིས་གདོད་མའི་བོན་ཆོས་ཀྱི་རང་བྱུང་ལ་དད་པའི་བསམ་བློ་མཚོན་ལ་འོད་མདངས་ལྡན་པའི་མ་འོངས་མདུན་ལམ་དོན་དུ་གཉེར་བའི་ཕུགས་རེ་ཡང་མཚོན། རིགས་གཉིས་པ་ནི་ནང་ཆོས་རྒྱལ་རོང་ཡུལ་དུ་དར་ནས་བཟུང་མི་དམངས་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ནང་གི་ཡིད་དབང་འཕྲོག་ལ་བསྟན་དོན་ཟབ་པའི་རི་མོ་དང་མཚོན་རྟགས་རྣམས་ཤིང་དང་རྡོའི་ཐོག་ལ་བརྐོས་ཏེ་ཐལ་བསྲེག་གོ་རེའི་ཐེལ་ཙེ་འདྲ་མིན་སྣ་ཚོགས་བཟོས། ཐེལ་ཙེ་དེ་རིགས་ཀྱིས་ཞི་འཇམ་བཀྲ་ཤིས་ཀྱི་རེ་བ་དང་སྨོན་འདུན་བཅས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་དོན་དང་རྒྱལ་རོང་བོད་མིའི་བཟའ་བཏུང་རིག་གནས་ཀྱི་སྙིང་དོན་དང་རྒྱལ་རོང་བོད་མིའི་བཟའ་བཏུང་རིག་གནས་གཉིས་ཟུང་དུ་འབྲེལ་བར་བྱས། དེའི་ནང་ལས་ཆེས་དཔེ་ཚབ་རང་བཞིན་ལྡན་པའི་ཚེ་རིང་ཐེལ་ཙེ་ཡིས་བདེ་ཐང་དང་ཚེ་རིང་བའི་དོན་མཚོན། ཚེ་བསོད་ཐེལ་ཙེ་ཡིས་བསོད་ནམས་དར་ཞིང་ལོངས་སྤྱོད་རྫོགས་པ་མཚོན། པ་ཏྲ་ཐེལ་ཙེ་ཡིས་བཀྲ་ཤིས་ཞི་མཐུན་མཚོན། པད་མ་ཐེལ་ཙེ་ཡིས༼ པད་མ་འདབ་ལྔ་དང་འདབ་དྲུག།འདབ་བརྒྱད་བཅས་ཡོད ༽ མེ་ཏོག་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ལྟར་དྭངས་གཙང་ལྷད་མེད་པའི་དོན་མཚོན་པར་བྱས། ཟླ་ཚེས་ནོར་གསུམ་ཐེལ་ཙེ་ནི་བོད་བརྒྱུད་ནང་བསྟན་དང་བོན་པོའི་རིག་གནས་མཉམ་དུ་བསྲེས་པའི་ཐོན་རྫས་ཡིན་ལ་མི་རྣམས་འོད་མདངས་ལྡན་ཞིང་བཀྲ་ཤིས་དོན་ཀུན་འགྲུབ་པའི་མ་འོངས་པ་ལ་ཡིད་སྨོན་ཤོར་བའི་དོན་མཚོན། ཉ་གསུམ་ཐེལ་ཙེ་ཡིས་འབྲུ་རིགས་སྣ་ལྔ་གཡུར་དུ་ཟ་བ་མཚོན། ནོར་བུ་མེ་འབར་ཐེལ་ཙེ
༼ ནོར་བུ་གདོང་གསུམ་དང་གདོང་དྲུག་གཉིས་ཡོད ༽ ཡིས་ནང་བསྟན་གྱི་དཀོན་མཆོག་གསུམ་ནི་ཉི་ཟླ་སྐར་གསུམ་དང་འདྲ་བར་གཟི་མདངས་སྟོང་དུ་འཕྲོ་བ་མཚོན། གཡུང་དྲུང་ཐེལ་ཙེ་ཡིས་ཚེ་སྲོག་བརྟན་ཅིང་བརླིང་ལ་རྒྱུན་ཆད་མེད་པ་མཚོན། དུང་དཀར་ཐེལ་ཙེ་ཡིས་སྟོན་པའི་གསུང་སྐད་སྙན་ལ་འགྲོ་བའི་རྣ་ལམ་དུ་འཇགས་མེད་འཁོར་བའི་དོན་མཚོན། ཆོས་འཁོར་ཐེལ་ཙེ་ཡིས་འཕྲིན་ལས་ཀྱི་འཕེལ་རྒྱས་ནི་འཁོར་ལོ་ལྟར་ཐོགས་འགག་མེད་པར་མདུན་དུ་སྐྱོད་པ་མཚོན། རིགས་གསུམ་པ་ནི་མིང་དང་ཆིན་རྒྱལ་རབས་ནས་བཟུང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མི་རྣམས་ཀྱིས་འཚོ་བའི་གོམས་སྲོལ་དང་བསམ་བློའི་གཏན་ཚིགས་རང་བཞིན་ལྡན་པའི་མེ་ཏོག་འདྲ་མིན་སྣ་ཚོགས། རྒྱན་རིས་རྣམས་ཀྱང་ཐལ་བསྲེག་གོ་རེའི་ཐེལ་ཙེའི་རི་མོ་རུ་བཀོད། ཐེལ་ཙེ་དེ་རིགས་ཀྱིས་ཐེལ་ཙེའི་རི་མོ་སྣ་མང་ཅན་དུ་བཏང་བར་མ་ཟད་ཐེལ་ཙེའི་རིག་གནས་ཀྱི་ནང་དོན་ཡང་ཕུན་སུམ་ཚོགས་པར་བྱས་ཡོད། ཐལ་བསྲེག་གོ་རེའི་ཐོག་ལ་ཐེལ་ཙེ་རྒྱག་དུས་ངེས་པར་དུ་དུས་ཆེན་མི་འདྲ་བ་དང་གནས་ཡུལ་མི་འདྲ་བ། སྒྲུབ་དོན་མི་འདྲ་བ། མགྲོན་པོ་མི་འདྲ་བར་གཞིགས་ཏེ་གང་ལ་གང་མཁོ་དེ་ལ་དེ་བསྟུན་གྱིས་ཐེལ་ཙེ་བརྒྱབ་སྟེ་རེ་བ་དང་སྨོན་འདུན་མཚོན་པར་བྱེད་དགོས། བགྲང་འདས་ཀྱི་ཐེལ་ཙེའི་ནང་ནས་གཟུགས་བོངས་ཧ་ཅང་ཆེན་པོ་ཞིག་ཡོད་པ་དེ་ནི་རྒྱལ་པོ་དང་དགོན་པ་ཡིས་དུས་སྟོན་དང་ཆོས་སྒྲུབ་པའི་སྐབས་སུ་ཆེད་དུ་སྤྱོད་པའི་ཐེལ་ཙེ་ཡིན། ཐལ་བསྲེག་གོ་རེ་ཆེན་པོའི་ཐོག་ཏུ་བརྒྱབ་ཏེ་གྲྭ་བཙུན་དང་སྐྱ་མི་རྣམས་ལ་བཟའ་རུ་བཅུག། ཐེལ་ཙེ་དེའི་དབྱིབས་ནི་རྔ་ལྟ་བུ་ཡིན་ལ་ངོས་གཅིག་ཏུ་ནོར་བུ་གདོང་དྲུག་གི་རི་མོ་ཡོད་པ་གྲྭ་བཙུན་རྣམས་ཀྱི་ཆེད་སྤྱོད་ཡིན། ངོས་གཞན་ཞིག་ལ་ཚེ་བསོད་ཀྱི་རི་མོ་ཡོད་པ་ནི་སྐྱ་མི་རྣམས་ཀྱི་སྤྱད་རྒྱུ་ཡིན། ཐལ་བསྲེག་གོ་རེ་ཟ་དུས་ཐོག་མར་དེའི་ཐོག་གི་ཐེལ་ཙེའི་རི་མོ་ལག་པས་བཀོག་ནས་དུམ་བུ་ཆ་ཤས་སུ་བཏང་རྗེས་ཁ་ནས་ཤིས་ཚིག་འདོན་བཞིན་གནམ་ལ་གཏོར་ཏེ་བཀྲ་ཤིས་པའི་སྨོན་འདུན་མཚོན་པར་བྱས། ཐལ་བསྲེག་གོ་རེའི་ཐེལ་ཙེ་ནི་སྣང་མང་ཀུན་འཛོམས་ཤིག་ཡིན་ལ་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་སྙིང་བཅུད་ཀྱང་འདུས་ཡོད། ཐེལ་ཙེ་དེ་གོ་རེའི་ཐོག་ཏུ་བརྒྱབ་རྗེས་ཁྱད་ཆོས་འབུར་དུ་ཐོན་ཞིང་ཕུན་སུམ་ཚོགས་པའི་བཟའ་བཏུང་རིག་གནས་ལ་གྱུར་པ་རེད། །
རྩོམ་གསར། 10