བོད་ཀྱི་གཉེན་སྲོལ་ལས། བར་བ།

    མཚོ་སྔོན་ཁྲིམས་ལུགས་ཚགས་པར།    2023-03-07

འགྲོ་ཚུལ།
       བར་བ་ནི་སྡེ་བའི་མི་འཇོན་ཐང་དང་རང་ཚུགས་ཅན། མཚན་སྙན་ཡོད་པའི་མི་ཞིག་འདེམ་དགོས་པ་ལས། ཁ་ལྕེ་བདེ་ཞིང་གཉེན་ཕྱོགས་ལ་བྱང་ཆ་ཡོད་པའི་བསམ་ཤེས་ཤིག་ཡིན་དགོས། བོད་ལ་སྐྱེས་པ་ལས་བུད་མེད་བར་བ་ལ་འགྲོ་སྲོལ་ཡེ་ནས་མེད། ཨ་མདོ་ཡུལ་དུའང་གཅིག་མཚུངས་རེད།
ནུས་པ།
       བར་བ་ནི་གཉེན་ལ་མཁས་པའམ་ཁ་ལྕེ་བདེ་ན་གཉེན་ཚང་གི་འགྲོ་གྲོན་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། གཉེན་དེ་འགོ་མཇུག་བར་གསུམ་ཚང་བ་ཞིག་འཁྱོངས་ཐུབ། ཁྱིམ་ཚང་གཉིས་ཀའི་ཕྱོགས་ནས་ཁས་ལེན་པའམ་འབྲེལ་འདྲིས་བཟང་བའི་མི་ཞིག་ཡིན་ཏེ། གཉེན་སྒྲིག་ཆོ་ག་ནང་མེད་དུ་མི་རུང་བའི་མི་སྣ་གཙོ་བོ་ཞིག་ཡིན་པ་རེད། སློང་དུ་འགྲོ་བ་ལ་བར་བས་ཆང་ཕང་ཁ་བཏགས་འཁྱེར་ནས་སློང་དུ་འགྲོ་བ་རེད།
སློང་ཚིག
       ཡ། ངས་ད་ནངས་ནམ་མཁའི་མཐའ་བཟུང་། སྐར་མ་ལག་ཏུ་བཟུང་། ཉི་ཤར་གྱི་རྩེ་མོ། རྟེན་འབྲེལ་གྱི་ཐོག་མ། ཁྱེད་ཚང་གི་སྒོ་ཁར་བུད་ནས་གོ་ཁར་རྩོག་དོན་ཅི་ཡིན་ཟེར་ན། ཁྱེད་ཚང་གི་གསེར་གྱི་ཀ་བར་ཁེན་དུ་ཡོང་ནས། དངུལ་གྱི་ཐུ་བར་འཇུ་རུ་ཡོང་ནས། དཀར་པོ་ཆོས་ཀྱི་དབུ་དྲངས་སུ་ཡོང་ནས། སྨུག་པོ་གཉེན་གྱི་མཐའ་སྐྱོང་དུ་ཡོང་ནས། སངས་རྒྱས་སྟོང་སྐུ་བླུ་རུ་ཡོང་ནས། ཕ་བཟང་བུ་མོ་སློང་དུ་ཡོང་ནས། ང་བཅོལ་བའི་མི་ཡིན། འཕངས་བའི་མདའ་ཡིན། ང་མིག་གཉིས་བར་གི་གདོང་ཡིན་པ། ཆུ་གཉིས་བར་གི་ཕ་བོང་ཡིན། ང་མི་རྒྱུད་དེད་ནས་ཉེ་བོ་བཅའ་རུ་ཡོང་བ་ཡིན། རི་རྒྱུད་དེད་ནས་དཔའ་མཁར་བརྩིག་གི་ཡོང་བ་ཡིན་པས། ཨ་ཞང་ཁྱེད་ཀྱི་གསེར་གྱི་སྒོ་མོ་ལས་གསུང་ཁུ་བྱུག་འདྲ་ཞིག་བརྗོད་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན།

  • ལེ་ཚན་སྔོན་མ།:རྒྱལ་མོ་ཚ་བ་རོང་གི་གཉེན་སྒྲིག་གོམས་སྲོལ།
  • ལེ་ཚན་རྗེས་མ།:བོད་ཀྱི་གཉེན་སྲོལ་ལས། མག་ལྕུག