ས་འཛིན་སྙིམ་པའི་མེ་ཏོག

གངས་ཆུ་ཤེལ།        2023-07-17

བསོད་ནམས་མེ་ཏོག་སྨིན་པའི་དགེ་ལེགས་ཞིང་། །

སྐལ་ལྡན་ཐར་འགྲོའི་ལམ་བཟང་དྲང་བོའི་ཞིང་། །

འདི་ཕྱིའི་ལེགས་བྱས་འོད་སྟོང་འཕྲོ་བའི་ཞིང་། །

བསླུ་མེད་གཏན་གྱི་གདན་ས་མི་འགྱུར་ཞིང་། །

དར་རྒུད་ལས་ཀྱི་སྙིམ་པ་གཏོད་སའི་ཞིང་། །

རེ་བའི་སྨོན་ལམ་ཆིག་ཁྲི་འདེབས་སའི་ཞིང་། །

ཕར་འགྲོའེ་སེམས་ཀྱི་ཉི་མའི་དྲོད་ཁོལ་ཞིང་། །

ཚུར་ཡོང་ཡིད་ཀྱི་མགོ་བོ་དུད་སའི་ཞིང་། །

ཡིད་གཉིས་སྒྱུ་མ་བརླགས་པའི་དག་པའི་ཞིང་། །

མི་མཐུན་དུག་གསུམ་སེལ་བའི་ངུར་སྨྲིག་ཞིང་། །

ནོར་ཞེན་ཧམ་པ་དོར་བའི་ཆོག་ཤེས་ཞིང་། །

ཚུལ་འཆོས་སྤྱོད་པ་བྲལ་བའི་དགའ་སྟོན་ཞིང་། །

ཚུལ་ཁྲིམས་ཨུ་དུམ་ཝ་རའི་དྲི་བསུང་ཞིང་། །

འགྲོ་དྲུག་མ་རུ་སྒོམ་བའི་བྱམས་བརྩེའི་ཞིང་། །

དགྲ་གཉེན་བར་ཐག་མེད་པའི་ཞི་བའི་ཞིང་། །

མཆོག་དམན་ངོ་སོ་དབེན་པའི་ཆོས་ཀྱི་ཞིང་། །

རྔོན་པའི་མཚོན་ཆ་དོར་བའི་དཔུང་གཉེན་ཞིང་། །

འཁོར་བའི་ཆོས་ལ་ངེས་འབྱུང་སྐྱེ་བའི་ཞིང་། །

ཚེ་ཡི་ལམ་གོལ་ཡང་དག་བསྐྲུན་པའི་ཞིང་། །

བར་ཆད་སྨིན་མའི་ཟིལ་བ་བཅོམ་པའི་ཞིང་། །

ཡིད་ཆད་སེམས་ཀྱི་སྡུག་བསྔལ་སེལ་བའི་ཞིང་། །

དམ་པའི་རྣམ་ཐར་སྐྱོང་བའི་དགེ་ལྡན་ཞིང་། །

ལས་འབྲས་ཟླ་བ་འཆར་བའི་ཁྲིམས་ཀྱི་ཞིང་། །

བདེ་ལེགས་ཆོས་ཀྱི་དུང་སྒྲ་མཆེད་པའི་ཞིང་། །

ཤེས་རབ་ནགས་མའི་ལོ་འདབ་རྫོགས་པའི་ཞིང་། །

ཡེ་ཤེས་ཆོས་ཀྱི་དེ་ཉིད་གཟིགས་པའི་ཞིང་། །

  • ལེ་ཚན་སྔོན་མ།:མཆོད་དབྱངས་པདྨ་དཀར་པོ།
  • ལེ་ཚན་རྗེས་མ།:འཚོ་བའི་རྐང་པ་སྒྲོག་ཏུ་ཚུད།