ཞི་ཅིན་ཕིང་གིས་སྐྱེ་ཁམས་སྲུང་སྐྱོང་ཚོགས་ཆེན་དུ་གསུང་བཤད་གནང་།

ཨོ་རྒྱན་གྱིས་བསྒྱུར།        2023-07-20

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏང་དགོས་ཞེས་ནན་གསུང་གནང་།


     རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་སྤྱི་ཚེས17ནས་ཚེས18ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མ་འོངས་པའི་ལོ5ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏང་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏང་དགོས་ཞེས་གསུངས་པ་རེད། 

       ལི་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཏིང་ཞུའེ་ཞང་གིས་ཕྱོགས་བསྡོམས་གསུང་བཤད་གནང་།      

     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་དང་འབྲེལ་བ་ཡོད་པའི་གཞི་རྩའི་ཇུས་ཆེན་ཞིག་ལ་བརྩིས་ནས། གསར་གཏོད་རང་བཞིན་གྱི་ལས་དོན་འབོར་ཆེན་བསྒྲུབས་པ་དང་། གང་དེའི་ཆོད་སེམས་ཆེན་པོ་དང་། ཤུགས་ཚད་ཆེན་པོ། ཕན་འབྲས་ཆེན་པོ་དེ་ལྟ་བུ་ནི་སྔ་ན་མེད་པ་ཞིག་ཡིན་ཞིང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་སོགས་ཚང་མར་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འཕོ་འགྱུར་བྱུང་ནས། མཛེས་པའི་ཀྲུང་གོའི་འཛུགས་སྐྱོང་ཐད་གོམ་སྟབས་གལ་ཆེན་ཞིག་སྤོ་ཐུབ་ཡོད། ང་ཚོས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ། གནད་ཁྱོན་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་ལ་སྣང་ཆེན་བྱས་པས། གཙོ་གནད་བཅོས་སྐྱོང་ནས་མ་ལག་བཅོས་སྐྱོང་བར་འཕོ་འགྱུར་གལ་ཆེན་བྱུང་ཡོད། ལྟ་ཚུལ་ལ་འགྱུར་བ་གཏོང་རྒྱུ་དང་འགན་འཁྲི་ནན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རང་རྟོག་རང་བཞིན་དང་རང་འགུལ་རང་བཞིན་ཟམ་མི་ཆད་པར་ཤུགས་ཆེར་བཏང་བས། གཞན་དབང་གིས་ཁ་གཏད་གཅོག་དགོས་བྱུང་བ་ནས་རང་འགུལ་གྱིས་བྱ་བ་སྒྲུབ་པའི་བར་འགྱུར་ལྡོག་གལ་ཆེན་བྱུང་བ། དུས་རབས་ཀྱི་རྗེས་སུ་དམ་པོར་སྙེག་པ་དང་། མིག་ཟུང་འཛམ་གླིང་ལ་ཕྱོགས་ནས་རྒྱལ་ཁབ་ཆེན་མོའི་འགན་འཁྲི་འཁུར་བ་དང་། རྒྱལ་ཁབ་ཆེན་མོའི་འགན་སེམས་མངོན་པར་བྱས་པས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་ཐེ་ཞུགས་པ་ནས་སྣེ་ཁྲིད་པར་འཕོ་འགྱུར་གལ་ཆེན་བྱུང་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆོས་ཉིད་ཐད་ཀྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་ཤེས་དཔལ་བསམ་བློ་གྲུབ་ཅིང་། ལག་ལེན་འཚོལ་ཞིབ་ནས་ཚན་རིག་དང་མཐུན་པའི་རིགས་གཞུང་གིས་མཛུབ་ཁྲིད་བྱེད་པའི་བར་འཕོ་འགྱུར་གལ་ཆེན་བྱུང་ཡོད། འབད་འབུངས་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་གནམ་དེ་བས་སྔོ་བ་དང་། ས་དེ་བས་ལྗང་བ། ཆུ་དེ་བས་གཙང་བ། རི་ཀླུང་ཆུ་གསུམ་སྔར་བས་མཛེས་སྡུག་རྣམ་པར་བཀྲ་བར་གྱུར་ཡོད། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ནི་འཛམ་གླིང་ཡོངས་ཀྱི་མཐོང་ཆོས་སུ་གྱུར་བ་ཞིག་ཡིན་ཞིང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕེལ་འགྱུར་བྱུང་བའི་མངོན་གསལ་དོད་པའི་མཚོན་རྟགས་སུ་གྱུར་ཡོད་ཅེས་ནན་སྟོན་གནང་འདུག། 

       ཞི་ཅིན་ཕིང་གིས། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གྲུབ་གཞིའི་རང་བཞིན་དང་། འབྱུང་རྩའི་རང་བཞིན། འཕེལ་ཕྱོགས་རང་བཞིན་བཅས་ཀྱི་གནོན་ཤུགས་དེ་རྦད་དེ་མེད་པར་གྱུར་མེད། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དེ་སྦགས་མེད་ཅན་དང་ཐཱན་ཉུང་ཅན་གྱི་སྤུས་མཐོའི་གོང་འཕེལ་གྱི་དུས་རིམ་ལ་སླེབས་ཡོད་པས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་སྔར་བཞིན་གནོན་ཤུགས་ཉིས་བརྩེགས་གསུམ་བརྩེགས་དང་། ཁུར་པོ་ལྕི་པོ་འཁུར་ནས་མདུན་དུ་སྐྱོད་པའི་འགག་རྩའི་དུས་ལ་སླེབས་ཡོད། དེས་ན་ངེས་པར་དུ་དམིགས་ས་དེ་བས་མཐོ་བ་དང་། མཐོང་རྒྱ་དེ་བས་ཡངས་པ། ཤུགས་ཚད་དེ་བས་ཆེ་བ་བཅས་ཀྱི་ཐོག་ནས་རྒྱང་སྐྱོད་གསར་པའི་ཐོག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་སྟོན་གནང་འདུག 

       ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ལོ་བཅུའི་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་། མིག་སྔར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བར། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་ཤེས་དཔལ་བསམ་བློས་མཛུབ་ཁྲིད་བྱས་ཐོག འབྲེལ་བ་གལ་ཆེན་ཁག་གཅིག་ཡང་དག་པའི་ཐོག་ནས་ཐག་གཅོད་བྱ་དགོས། གཅིག་ནས་སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བར་གྱི་འབྲེལ་བ་དེ་ཡིན།  དེ་ཡང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་མཐོ་ཚད་ཐོག་ནས་གོང་འཕེལ་ལ་ཇུས་འགོད་བྱེད་པ་དང་། ཆུ་ཚད་མཐོ་བའི་ཁོར་ཡུག་སྲུང་སྐྱོབ་བརྒྱུད་གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པ་དང་། སྦགས་མེད་ཐཱན་ཉུང་དང་འཁོར་རྒྱུག་དཔལ་འབྱོར་མ་ལག་ཤུགས་ཆེན་པོས་གཏོད་པ། གོང་འཕེལ་ཆེད་གཏོང་བའི་ཐོན་ཁུངས་ཁོར་ཡུག་གི་རིན་དོད་ཇེ་ཆུང་དུ་གཏོང་བ། གོང་འཕེལ་གཏོང་གཞི་དང་རྒྱབ་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱ་དགོས། གཉིས་ནས་གཙོ་གནད་འགག་གཏོར་དང་རོགས་ལས་བཅོས་སྒྲིག་གི་འབྲེལ་བ་དེ་ཡིན། དེ་ཡང་མ་ལག་གི་ལྟ་བ་རྒྱུན་འཁྱོངས་དང་། འགལ་བ་གཙོ་བོ་དང་འགལ་བའི་ཆ་ཕྱོགས་གཙོ་བོ་དམ་དུ་བཟུང་ནས། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ཏེ་ནུས་ཡོད་ཀྱི་བྱ་ཐབས་སྤྱོད་དགོས། ཆབས་ཅིག་དམིགས་འབེན་རོགས་ལས་དང་། སྦགས་བཙོག་དངོས་པོ་མང་པོའི་ཚོད་འཛིན་རོགས་ལས། སྡེ་ཁག་གི་རོགས་ལས། ས་ཁོངས་ཀྱི་རོགས་ལས། སྲིད་ཇུས་ཀྱི་རོགས་ལས་བཅས་ཤུགས་ཆེར་བཏང་ནས། ལས་དོན་ཁག་གི་མ་ལག་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། རོགས་ལས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གསུམ་ནི་རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོའི་འབྲེལ་བ་དེ་ཡིན། དེ་ཡང་གཅིག་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་དང་བཅས་པར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ཅན་གྱི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། རི་རྩེ་ནས་རྒྱ་མཚོའི་བར་གྱི་སྲུང་སྐྱོབ་བཅོས་སྒྲིག་གི་གནས་སྟངས་ཆེན་པོ་བསྐྲུན་པ་དང་། རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོའི་བྱ་ཐབས་གཉིས་ཕྱོགས་སྡུད་ཐོག་སྤྱོད་པ། ཡུལ་དུས་བབ་ལ་བསྟུན་པ་དང་། ས་ཁུལ་དང་སྣེ་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བཅས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ཐག་གཅོད་བྱ་ཐབས་ཡག་ཤོས་ཧུར་བརྩོན་ཆེན་པོས་རྙེད་པ་བྱ་དགོས། བཞི་ནི་ཕྱི་རོལ་གྱི་གཅུན་སྡོམ་དང་ནང་རྐྱེན་གྱི་འགུལ་ཤུགས་བར་གྱི་འབྲེལ་བ་དེ་ཡིན། དེ་ཡང་ཐོག་མཐའ་བར་གསུམ་དུ་ཆེས་ནན་ཤོས་ཀྱི་ལམ་ལུགས་དང་ཆེས་ནན་ཤོས་ཀྱི་ཁྲིམས་ལུགས་ཐོག་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ཐོག་ནས་ཕྱི་ཕྱོགས་ནས་གནོན་ཤུགས་སྤྲོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་ཡོངས་ཀྱིས་ཐུན་ཐོང་ཐོག་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པའི་ནང་རྐྱེན་སྟོབས་ཤུགས་འདོན་སྤེལ་བྱ་དགོས། ལྔ་ནི་ཐཱན་ཟུང་གི་ཁས་ལེན་དང་རང་བདག་བྱ་སྤྱོད་ཀྱི་འབྲེལ་བ་དེ་རེད། དེ་ཡང་ང་ཚོས་ཁས་ལེན་བྱས་པའི་ཐཱན་ཟུང་ཀྱི་དམིགས་འབེན་ནི་འགྱུར་བ་མེད་པ་ཞིག་རེད། ཡིན་ནའང་དམིགས་འབེན་དེ་འགྲུབ་པར་བྱེད་པའི་ཐབས་ལམ་དང་བྱ་ཐབས། འགྲོས་སྟབས། ཤུགས་ཚད་བཅས་ནི་ང་ཚོ་རང་ཉིད་ནས་རང་བདག་ཐོག་ཐག་གཅོད་བྱེད་དགོས་ངེས་ཡིན་ལ་ངེས་པར་དུ་རང་བདག་ཐོག་ནས་ཐག་གཅོད་བྱ་དགོས་པ་ཞིག་ཡིན་པ་ལས། དེའི་ཐད་མི་གཞན་གྱི་དབང་དུ་མི་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་འདུག 

       ཞི་ཅིན་ཕིང་གིས། སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་དང་། སྦགས་བཙོག་གནད་སྨིན་གྱིས་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་ངང་སྦགས་བཙོག་འགོག་བཅོས་བྱེད་པ། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། ཤུགས་ཚད་རྒྱུན་འཁྱོངས། གཏིང་ཚད་ཟབ་ཏུ་གཏོང་བ། ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནམ་སྔོ་ཆུ་དྭངས་ས་གཙང་བཅས་ཀྱི་སྲུང་སྐྱོབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་གཏང་དགོས། འཕེལ་རྒྱས་གཏོང་སྟངས་སྦགས་མེད་ཐཱན་ཉུང་གི་བརྗེ་སྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྦགས་མེད་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་བཅོས་སྐྱོང་གི་ཐབས་ཇུས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཐོག སྦགས་མེད་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གཞི་མདངས་བརྟན་པོ་ཡོང་བར་བྱེད་དགོས། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་ཧུར་ཐག་བཏང་ནས་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལྟ་སྐུལ་དོ་དམ་ལ་ཤུགས་ཏན་ཏིག་རྒྱག་པ། སྔོ་ལྗང་རི་ཆུ་གསེར་རི་དངུལ་རིར་བསྒྱུར་བའི་ཐབས་ལམ་རྒྱ་ཆེར་བཏང་ནས། མི་རབས་རྗེས་མར་རི་བོ་སྔོ་ཞིང་ཆུ་མོ་དྭངས་བའི་སྐྱེ་ཁམས་ཀྱི་བར་ཁམས་ཤིག་འཇོག་དགོས། ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གྲོན་ཆུང་སྔོན་ལ་འཇོག་པ། འཁོར་གཉིས་སྐུལ་འདེད། ཕྱི་ནང་ཤར་བགྲོད། ཉེན་ཁ་འགོག་ཟོན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས “1+N”ཡི་སྲིད་ཇུས་མ་ལག་དོན་འཁྱོལ་ཡག་པོ་བྱེད་པ། དྭངས་གཙང་ཐཱན་ཉུང་བདེ་འཇགས་ནུས་ཆེ་བཅས་ཀྱི་ནུས་ཁུངས་མ་ལག་བསྐྲུན་པ་དང་། གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་བསྐྲུན་ནས། རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བདེ་འཇགས་མཐའ་ཐིག་བརྟན་པོ་སྲུང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ། སྐྱེ་ཁམས་བདེ་འཇགས་དང་། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་སོགས་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ། ང་ཚོའི་འཚོ་གནས་དང་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་རང་བྱུང་ཁོར་ཡུག་དང་ཆ་རྐྱེན་ལ་འཇིགས་སྐུལ་དང་གཏོར་བཤིག་མི་ཕོག་པའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་འདུག

       ཞི་ཅིན་ཕིང་གིས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་དགོས། ཁྱབ་ཁོངས་ཁག་གི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཁྲིམས་སྐྱོང་དང་། ཁྲོམ་ར། ཚན་རྩལ། སྲིད་ཇུས་བཅས་མཉམ་སྡེབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་ལ་གཅིག་གྱུར་གྱིས་བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་གཏོང་བ། ས་ཐོག་ས་འོག་དང་སྐམ་མཚོར་གཅིག་གྱུར་འཆར་འགོད་བྱེད་པ་དང་། ས་ཁོངས་མཉམ་འགུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ། བཙོག་འབུད་ཆོག་འཐུས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁོངས་ས་ཆའི་བར་ཁམས་བེད་སྤྱོད་བྱེད་པའི་དོ་དམ་སྒྲིག་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྦགས་མེད་ཐཱན་ཉུང་གོང་འཕེལ་གྱི་དཔལ་འབྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་། ཁྲལ་བསྡུའི་སྲིད་ཇུས་ཀྱི་རྒྱབ་སྐྱོར། དངུལ་རྩའི་རྒྱབ་སྐྱོར། རིན་གོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བཅས་ལ་ཤུགས་སྣོན་རྒྱག་དགོས། གོ་ཆོད་ཀྱི་ཁྲོམ་ར་དང་ནུས་ལྡན་གྱི་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐཱན་འབུད་བཤངས་བྱེད་དབང་དང་། ནུས་རྒྱུ་སྤྱོད་དབང་། ཆུ་སྤྱོད་དབང་། སྦགས་བཙོག་འབུད་དབང་སོགས་ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ཀྱི་སྤྱི་འདོམས་ཁྱབ་ཁོངས་ནང་འཇུག་པ་དང་། ནང་བཤུག་དང་། བརྒྱུད་བཤུག གཏའ་འཇོག མ་རྐང་འཇོག་པ་སོགས་ཁྲོམ་རའི་ཉོ་ཚོང་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ། ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་འཛུགས་པ། ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཁྲོམ་ར་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་ཁོར་ཡུག་ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་བརྒྱབ་ནས་སྦགས་མེད་ཐཱན་ཉུང་གི་ཚན་རྩལ་རང་ཚུགས་རང་འཕེལ་ལ་སྐུལ་འདེད་བཏང་སྟེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྦགས་བཙོག་དངོས་པོ་གསར་པ་བཅོས་སྒྲིག་བྱེད་པ་སོགས་རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ཀྱི་གཙོ་གནད་ཁྱབ་ཁོངས་སུ་བརྩིས་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་གསར་གཏོད་ཀྱི་བྱེད་སྤྱོད་གལ་ཆེན་ལག་བསྟར་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་རྩེ་གྲ་གཅིག་གསོ་སྐྱོང་བྱེད་པ། མི་ཐབས་རིག་ནུས་སོགས་གྲངས་གཞིའི་ལག་རྩལ་བེད་སྤྱོད་གཏིང་ཟབ་གཏོང་བ། མཛེས་པའི་ཀྲུང་གོའི་གྲངས་གཞི་ཅན་གྱི་བཅོས་སྐྱོང་མ་ལག་འཛུགས་པ་བཅས་བྱས་ནས་སྦགས་མེད་རིག་ལྡན་གྱི་གྲངས་གཞིའི་སྐྱེ་ཁམས་ཤེས་དཔལ་གཏོད་དགོས་ཞེས་བསྟན་གནང་ཡོད།

       ཞི་ཅིན་ཕིང་གིས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་རྒྱབ་སྐྱོར་དང་ཤུགས་རྒྱག་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་མ་ལག་རང་བཞིན་གྱི་བཀོད་སྒྲིག་རབ་དང་རིམ་པ་གནང་བ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ས་གནས་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཐོག ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལ་ཞིབ་འཇུག་དང་སྒྲིག་བཟོ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ་དང་། འགན་དབང་གཅིག་མཐུན། བྱ་དགའ་དང་ཆད་གཅོད་ཁ་གསལ། དམ་ཚགས་གཅིག་འབྲེལ་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་འཛུགས་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་བགོས་འགན་འཁུར་ལ་ཤུགས་རྒྱག་པ་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བརྒྱབ་ནས་མཉམ་དུ་དམ་འཛིན་དང་མཉམ་དུ་དོ་དམ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འབྱུང་ཁམས་ཤེས་དཔལ་སྲུང་སྐྱོང་གི་ཁྲིམས་ལུགས་འཛུགས་སྐྱོང་དང་ཁྲིམས་ལུགས་ལག་ལེན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་ཁག་སྲིད་གྲོས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆེད་དོན་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བརྟག་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་མུ་མཐུད་འདོན་སྤེལ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

       ལི་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཆེན་པོ་དང་ལྷག་པར་དུ་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། མིག་སྔའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཐག་གཅོད་ཡག་པོ་བྱེད་པའི་འབྲེལ་བ་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་འགན་འཁྲི་དང་གལ་ཆེའི་བྱ་ཐབས་མ་ལག་རང་བཞིན་གྱི་སྒོ་ནས་བཀོད་སྒྲིག་བཅས་གནང་བས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱེད་པ། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་ཟུང་འབྲེལ་བྱས་ཐོག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་སྔར་བས་འཕེལ་བར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཞེས་བསྟན་གནང་ཡོད།

       ཏིང་ཞུའེ་ཞང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་དེ་རྩ་བ་བཅོས་པའི་ཐབས་ཇུས་སུ་བརྩིས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་སྟོང་ཆགས་སྟངས་དང་། ཐོན་ལས་གྲུབ་གཞི། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་གང་མགྱོགས་ཆགས་པར་བྱ་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མཐའ་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཏན་འཁེལ་བྱས་པའི་དམིགས་ཚད་ལ་དམིགས་ཏེ་ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྔོན་བཙུགས་རྗེས་གཏོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ནུས་རྒྱུའི་ལྗང་མདོག་ཐཱན་ཉུང་བརྗེ་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མ་མཐའི་མཚམས་ཐིག་གི་བསམ་བློར་ཤུགས་སྣོན་བརྒྱབ་ནས། རྒྱུན་རྣམ་ཅན་གྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁར་དོ་དམ་ཚོད་འཛིན་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐྱེ་ཁམས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ནན་པའི་གཞི་གདངས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལས་དོན་གཏིང་ཟབ་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ས་ཁུལ་ཁག་དང་། ལས་ཁུངས་ཁག ཚན་པ་ཁག་བཅས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།

       སྐྱེ་ཁམས་ཁོར་ཡུག་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། ནང་སོག་རང་སྐྱོང་ལྗོངས། ཀྲེ་ཅང་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད། 

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས་པ་རེད། 

       ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་འཆར་གཞི་ཟུར་བཀོད་ཀྱི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཁག་གཅིག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དྲྭ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།