མི་མཐོང་།

རྐྱང་ཉུལ་གདོང་ནག།        2023-07-19

རྡུལ་རྫས་འཕེལ་འགྲིབ་གཡོ་བའི་ཕར་རྒྱབ་ན། །

དུད་སྤྲིན་ཇི་ལྟར་འཕུར་བ་ངས་མི་མཐོང་།།

དུས་ཚིགས་འཁོར་ལོ་བསྐོར་བའི་རབ་ཁ་ནས།།

ཉི་ཟླ་ཇི་ལྟར་འཆར་བ་ངས་མི་མཐོང་།།

ལ་ཆེན་ལུང་ཆེན་འཛིན་མའི་རི་སུལ་ན།།

ཆུ་མགོ་ཇི་ལྟར་བབས་པ་ངས་མི་མཐོང་།།

ནེའུ་གསེང་གཡུ་ཡི་ཚོམས་བུའི་དཀྱིལ་འཁོར་ན།།

སེར་ཆེན་ཇི་ལྟར་བཞད་པ་ངས་མི་མཐོང་།།

མཐོན་པོ་ནམ་མཁའི་དབྱིངས་ཀྱི་རླུང་ལམ་ན།།

རྒོད་པོ་ཇི་ལྟར་འཕུར་བ་ངས་མི་མཐོང་།།

ལེ་དབར་སྟོང་ཕྲག་ལྷག་གི་ཕར་རྒྱབ་ན།།

མི་ཚོགས་ཇི་ལྟར་འདུར་བ་ངས་མི་མཐོང་།།

མི་རེའི་རྣམ་ཤེས་ཐོགས་པའི་སེམས་འགྱུ་ན།།

རྣམ་རྟོག་ཇི་ལྟར་འཆར་བ་ངས་མི་མཐོང་།།

གཉུག་མ་གཤིས་སུ་བསྲུང་བའི་ཀུན་སློང་ལ།།

རང་ཚུགས་ཇི་ལྟར་བཟུང་བ་ངས་མི་མཐོང་།།

ཉི་མ་རི་ནས་ཡལ་བའི་རྗེས་ཤུལ་ན།།

ལྷགས་རླུང་ཇི་ལྟར་གཡོ་བ་ངས་མི་མཐོང་།།

ས་སྲོད་ཁུ་སིམ་སྐྱོམས་པའི་ཁང་སྟོང་ན།།

སྐྱོ་གདུང་ཇི་ལྟར་འཁྱིལ་བ་ངས་མི་མཐོང་།།

འགལ་འདུ་ལུང་རིགས་སྤུངས་པའི་རྩོད་ར་ན།།

རྒྱལ་ཕམ་ཇི་ལྟར་དབྱེ་བ་ངས་མི་མཐོང་།།

ཐམས་ཅད་སྔོན་ཐོན་རློམ་པའི་ས་ཚིགས་ན།།

རྗེས་ལུས་ཇི་ལྟར་འཇོག་པ་ངས་མི་མཐོང་།།

བསྡུས་ན་ཁེངས་དྲེགས་འགྲན་པའི་གཡུལ་ས་ན།།

མཆོག་དམན་ཇི་ལྟར་ཕྱེས་པ་ངས་མི་མཐོང་།།



  • ལེ་ཚན་སྔོན་མ།:གཡུ་ཆུང་དྲུག་དཀར།
  • ལེ་ཚན་རྗེས་མ།:ངག་དབང་དབྱངས་ཅན་ལྷ་མོ།