ང་ཡི་སྙིང་ལགས།

ཁ་བ་ན་རོ།        2023-07-31

ཀྱེ། ང་ཡི་སྙིང་ལགས། དོ་ནུབ། ཁྱོད་རང་གང་ཞིག་ན་དགའ་འཛུམ་གྱིས་དགོད་བཞིན་ཡོད་དམ། ཡང་ན་གང་ཞིག་ན་དྲན་གདུང་གི་སྐད་ཆ་མང་པོ་རུམ་ནས་ཡོད་དམ། མིན་ན་མིག་ཟུང་རིག་རིག་དང་སེམས་པ་ཀྲོག་ཀྲོག་ངང་ངའི་བརྡ་འཕྲིན་ཞིག་ལ་རེ་སྒུག་བྱས་ཡོད་དམ།

ཀྱེ། ང་ཡི་སྙིང་ལགས། དོ་ནུབ་ཆར་པ་འབབ་བཞིན་འདུག། ཁྱོད་ཀྱི་མིག་ཆུ་ལྟར་འབབ་བཞིན་འདུག། ཁྱོད་ཀྱིས་ཤེས་སམ། ཚོར་རམ། གློ་བུར་བའི་ཆར་བ་འབབ་ཐེངས་འདིའི་ངས་ཁྱོད་ཀྱི་མིག་ཆུ་དྲན་བྱུང་། མིག་ཆུ་ལས་ཁྱོད་ཟེར་བ་ངའི་སེམས་ཀྱི་གུར་ཁྱིམ་ལ་བབས་བྱུང་། ཏག་ཏག་དུས་ཚོད་ཀྱི་མདའ་རྩེ་དང་འགྲོགས་ཏེ་ཆར་པའི་ཀློང་ནས་ཁྱོད་ཀྱི་རྒྱང་རིང་གི་འཛུམ་མདངས་དྲོན་མོ་ཞིག་གམ་དུ་སྐྱེལ་ཡོང་བ་བཞིན་རིམ་གྱིས་ངའི་སེམས་ལ་སིམ་སོང་།

ང་ཡི་སྙིང་ལགས། ཉི་གསར་གྱིས་སྤྲས་པའི་མཛེས་སྡུག་གི་ཞོགས་པ་དེར། མིག་ཆུ་ཞིག་དང་ལྷན་དུ་འུ་གཉིས་ཀྱང་ཁ་གྱེས་ནས་རྒྱང་རིང་ལ་ཕྱིན་སོང་། ཡིན་ན་ཡང་། དུས་དེ་ནས་བཟུང་།ངས་ཁྱོད་ནི་རང་གི་གྲིབ་མ་ཡིན་བསམས་ནས་མིག་ཟུང་རིག་རིག་ངང་ཡང་ཡང་བལྟ་དགོས་ཡོད་ལ། ངས་ཁྱོད་ནི་དྲན་པའི་གཏིང་ལ་ལོབས་ཟིན་པའི་ཞིམ་མངར་གྱི་དྲི་མ་དེ་ཡིན་བསམས་ནས་སྣ་ལམ་དུ་སྣོམ་ཡོང་དུས། ངའི་ཞེ་བློ་ད་གཟོད་བདེ་རུ་བབས་ཡོད། དོན་དམ་པར་བཤད་ན། ཁྱོད་ནི་ངའི་མི་ཚེ་འདིའི་དྲི་མ་ཞིམ་པོ་དེ་རུ་གྱུར་འདུག་ཨང་།

ང་ཡི་སྙིང་ལགས། ང་ལ་ཡིད་ཆེས་གནོངས་དང་། ལག་པ་བྲང་ཁར་བཞག་ནས་ཡིད་ཆེས་གནོངས་དང་། ངའི་ཡིད་ཀྱི་བརྩེ་བའི་མདའ་མོ་ཁྱོད་ཀྱི་དུང་བའི་ཞེ་ལ་འཕོགས་ནས་ཕྱིར་ལོན་མེད་པ་རེད། བརྩེ་དུང་ཟེར་བ་དེ་དངོས་གནས་རུས་རྐང་གི་གཞི་རུ་ཟུག་ཡོད་ཨང་། ངའི་སེམས་ཀྱི་གུར་ཁྱིམ་ན་ཁྱོད་ཁོ་ན་སེམས་སུ་བཟུང་སྟེ་ཡོད། ཁྱོད་ཁོ་ན་བརྩེ་དུང་ཟེར་བའི་སྣང་བ་ཟབ་མོ་ཞིག་གི་སེམས་སུ་བཟུང་སྟེ་ཡོད།

ང་ཡི་སྙིང་ལགས། ཤག་ཤག་ཤག། ཤག་ཤག་ཤག་ངང་ད་དུང་ཆར་པ་འབབ་བཞིན་འདུག། མཚན་མོ་འདི་ཇི་ལྟར་འཁྱོལ། ཞག་དང་ཆར་པ་འདི་ཇི་ལྟར་འཁྱོལ་ཨང་།



  • ལེ་ཚན་སྔོན་མ།:ཡུམ་ཆེན་ལགས། སྐུ་ངལ་ཞིག་གསོ་རོགས།
  • ལེ་ཚན་རྗེས་མ།:མདང་ནུབ་ང་ཡི་རྨི་ལམ་དུ་གཡུ་ཡི་ཕྲེང་བ་ཞིག་རྨིས།