ཤེས་རབ་རྒྱ་མཚོ་དང་སྦྲང་ནག།

        2023-07-28

ཨ་ཁུ་ཆོས་ལྡན་ཚང་གི་གྲྭ་ཤག་གི་གཡས་གཡོན་དུ་དཔེ་ཆ་སྐྱོར་བའི་འུར་སྒྲ་ཡིས་བཀང་འདུག་པས་དེ་རིང་ཨ་ཁུ་ཆོས་ལྡན་གྲོང་ཆོག་ལ་མ་སོང་བ་དེ་ཡང་དགོན་པའི་ནང་གི་གྲྭ་པ་ཐམས་ཅད་ཀྱིས་ཤེས་ཟེར་ན་ཆོག། ཆོས་དབྱིངས་རྒྱ་མཚོ་ནི་ཨ་གར་གྱི་སྡོང་ལོའི་གྲིབ་བསིལ་གྱི་འོག་ནས་དཔེ་ཆ་ཞིག་བཟུང་ནས་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ།།སྟོན་པས་འདི་ལས་བཤད་པ་གང་།།ཞེས་ཨ་ཁུ་བཞུགས་སའི་སྒེའུ་ཁུང་ཕྱོགས་སུ་ལྟ་བཞིན་ལྟ་བཞིན་འདོན་གིན་འདུག། ཤེས་རབ་རྒྱ་མཚོ་ཡང་སྒོ་འགྲམ་གྱི་གྲྭ་ཟུར་ཞིག་ནས་འདོན་གྱིན་ཡོད་ན་ཡང་། ཁོའི་ཉེ་འཁོར་ན་སྦྲང་མ་ཞིག་གིས་བང་སྒྲ་དང་བཅས་ཏེ་ཁོའི་མགོ་བོ་དང་རྣ་ཅོག་སོགས་སུ་ཡར་འཕུར་མར་འཕུར་བྱས་པས་ཁོས་ཅི་ལྟར་བདས་ན་ཡང་དེ་ལྟར་བར་ཆད་བྱེད། དེ་རིང་ཨ་ཁུ་གྲོང་ཆོག་ལ་མ་སོང་བ་འདི་ཡང་སྦྲང་མས་ལན་པ་ལྟར་དུ་སྦྲང་མ་ལ་སྡང་མིག་དང་བཅས་ཏེ་ལག་པ་ཡར་བཀྱགས་ཏེ་ཕར་འདེད་མར་འདེད་བྱས།

སྦྲང་མ་ཡར་འཕུར་མར་འཕུར་བྱས་ནས་ཅུང་ཙམ་འགོར་བ་ན་ཨ་ཐང་ཆད་པ་བཞིན་དུ་ཁོའི་ཉེ་འཁོར་གྱི་སྡོང་ལོ་ཞིག་གི་སྟེང་དུ་བབས་ནས་ངལ་གསོའི་ཚུལ་དུ་ལྷིང་འཇགས་སུ་གནས། བར་སྐབས་དེར་ཤེས་རབ་རྒྱ་མཚོས་ཀྱང་ཉེན་ཁ་ཆེན་པོ་ཞིག་ལས་ཐར་སོང་བ་བཞིན་དུ་དབུགས་རིང་ལྷོད་མོ་ངང་གིས་ཤོར། དེ་དང་མཉམ་དུ་རྒྱབ་ཀྱི་གྱང་ལ་ཁེན་པ་ན་སེམས་ལ་བདེ་སྣང་ཅུང་ཙམ་ཡོད་པའི་ཉམས་ཤིག་མངོན། དེ་མུར་ཡིད་ལ་དོན་དག་ཅིག་ཤར་སོང་བ་བཞིན་དུ་མགོ་བོ་ཡར་བཀྱགས་ཏེ་ཆོས་དབྱིངས་རྒྱ་མཚོ་ལ་བརྡ་ཞིག་བསྟན་པ་ན། ཆོས་དབྱིངས་རྒྱ་མཚོས་ཀྱང་བྱང་ཆ་ཡོད་པའི་སྒོ་ནས་མགོ་བོ་ནང་དུ་བཀུག་བཀུག་བྱས་ཏེ་ཤེས་སོང་བའི་ཚུལ་དུ་བརྡ་བསྟན། དེ་ནས་ཆོས་དབྱིངས་རྒྱ་མཚོས་སྔར་ལས་སྐད་གསང་མཐོན་པོ་བྱས་ཏེ་འདོན་འགོ་རྩོམ་པ་ན། ཤེས་རབ་རྒྱ་མཚོས་ཀྱང་ཨ་ཁུའི་ཕྱོགས་སུ་དལ་གྱིས་བལྟས་ཏེ་བདེ་འཇགས་ཡིན་པ་ཧ་གོ་བས་ཁོང་དགོད་ཅིག་བྱས་ནས་གཉིད་འགོ་བརྩམ། དེ་ནི་ཨ་ཁུ་ཡོད་དུས་སུ་གཅིག་གིས་འདོན་པ་ན་གཅིག་གིས་ངལ་གསོ་བྱེད་པ་དེ། ཕན་ཚུན་བརྗེས་རེས་ཀྱི་ངལ་གསོ་ཐུབ་པས་ཁོ་གཉིས་ཀྱིས་ཐབས་མཆོག་ཅིག་ཏུ་བསམ་བཞིན་ཡོད།

སྐབས་དེར་མིག་ཟུང་བཙུམས་ནས་ཅུང་ཙམ་འགོར་ན་ཡང་གཉིད་ཅིག་གཏན་ནས་མ་ཡོང་བར་མ་ཟད། ཁོ་རང་གི་ཡིད་ལ་མདང་དགོང་ཁ་པར་ནང་ནས[ABN]ཨེ་པེས་ཨན་ལྟ་རོགས་འགའ་དང་མཉམ་དུ་རྒྱན་བཞག་ནས་ཤོར་སོང་བ་དེ་དྲན་ནས་མཚམས་མཚམས་སུ་ངག་ནས་གནའ་ཤོ་ཞེས་ཅི་ཡིན་མེད་པར་ཤོར་གྱིན་འདུག ད་རུང་ཁོ་རང་ལ་འདང་རྒྱག་ས་ཞིག་ཡོད་པ་ནི་ཤོར་སོང་བའི་སྒོར་མོ་མ་ཡིན་ལ་ད་བར་དུ[James] རྗེ་མི་ཟི་ལ་སེམས་ཀྱིས་དགའ་མགུ་ཆེན་པོ་བྱས་པའི་དབང་གིས་བསྟོད་པ་ཏག་ཏག་བྱས་ནས་ཡོང་བ་རེད། མཐའ་ན་གཞན་གྱིས[James]རྗེ་མི་ཟི་ལ་ཁ་ངན་ཞིག་ཤོར་ན་ཡང་དེ་ལ་རྒོལ་ངན་སྤྲད་ནས་རང་ཚུགས་གཏན་ནས་ཤོར་མ་མྱོང་། དེ་བས་མདང་དགོང[James] རྗེ་མི་ཟི་ལ་ཅང་མི་འདུག་ཅེས་པའི་སྐད་ཆ་དེ་དག་ཁོ་ལ་མཚོན་ན་བློ་ཡུལ་ལས་འདས་པ་ཞིག་ཡིན་པར་གདོན་མི་ཟ། ད་ནི་རྗེས་སུ་རོགས་པ་ཚོ་དང་ཕྲད་སྐབས་ལབ་རྒྱག་སྤྱད་མེད་དོ་སྙམ་པའི་སེམས་ཁུར་ཞིག་གི་ནང་དུ་ལྷུང་། གློ་བུར་དུ་ཁོ་རང་གི་འགྲམ་པ་ལ་མེ་སྟག་མཆེད་པ་འདྲ་བའི་ཚོར་བ་ཞིག་སྐྱེས་པ་ན་ཁ་ནས་ཨ་མ་ཞེས་དབང་མེད་དུ་ཤོར། དེ་ནས་མདུན་དུ་ཨ་ཁུ་ཐོན་པ་ཡོད་པར་ཤེས་རྗེས་ད་གཟོད་རང་ལ་འགྲམ་ལྕགས་གཞུས་པ་ཤེས། སྐབས་དེ་དང་བསྟུན་ནས་སྦྲང་མ་ཡང་དོན་དག་མི་ལེགས་པ་ཧ་གོ་བ་དང་འདྲ་བར་གྲྭ་ཤག་གི་ཕྱི་རོལ་ལ་འཕུར་སོང་།

༼ པིར་རྒྱུད་འཇིགས་མེད། ༽


  • ལེ་ཚན་སྔོན་མ།:ལམ་ནས་རྙེད་པའི་མུ་ཏིག་རྡོག་ཅིག།
  • ལེ་ཚན་རྗེས་མ།:ཡུམ་ཆེན་ལགས། སྐུ་ངལ་ཞིག་གསོ་རོགས།