ལམ་ནས་རྙེད་པའི་མུ་ཏིག་རྡོག་ཅིག།

གངས་ཐིགས།        2023-07-26

ཁྱེད་ཀྱི་མིག་མདངས་རྣོ་པས་མི་སེམས་ལ་བཞག་པའི་སྐད་ཆ་གཞན་ཞིག་བཤད་ཡོང་ལ།ཁྱེད་ཀྱི་མིག་མདངས་འོག་གི་སྐད་ཆ་རེ་རེ་ནི་ང་ཡི་ནང་སེམས་གསོ་བའི་སྨན་ཐུན་ཞིག་ཏུ་བསམ་ཡོད། དེ་དུས་ཤིག་ལ། འུ་གཉིས་ཤེས་རིག་གི་གླིང་ཀ་ཞིག་ནས་སློབ་གྲོགས་ཤིག་གི་མིང་བྱང་ཁུར་ནས་ཟླ་ངོ་འགར་འཛིན་གྲྭ་གཅིག་ཏུ་བསྡད་མྱོང་ལ། ཕན་ཚུན་ལ་ཁ་བརྡ་མོད་ལ་ཆ་རྒྱུས་དང་གོམས་ལོབས་སུ་གྱུར་མེད་པའི་རྐྱེན་གྱིས་ཡིན་ནམ། ཁ་བརྡ་ཡག་པོ་ཞིག་བཤད་མྱོང་བའི་ཚོར་སྣང་ཅུང་ཙམ་ཡང་རྒྱུད་དུ་མི་འདུག། ཡིན་ནའང་། ལས་དབང་གི་རླུང་བུས་དེད་པའི་སྙི་སེམས་མཐུར་མེད་ཅིག། ཁྱེད་ཀྱི་ཕྱོགས་སུ་རྟ་ཕོ་ཤོར་བ་བཞིན་བརྒྱུགས་ནས་ཡོང་བ་ཚོར་ན། ཁྱེད་ལ་ཚོར་སྣང་གིས་བཞག་པའི་སྐད་ཆ་ཅི་ཞིག་ཡོད་དམ། ཡུན་ཙམ་དུ་དྲན་རྒྱུ་དང་བཤད་རྒྱུ་ཅི་ཡང་མེད་པར་ཧོན་ཐོར་ནས་བསྡད་ཡོད་དམ། འུ་གཉིས་ཀྱི་ཕན་ཚུན་ལ་ཁ་བརྡ་དང་འབྲེལ་འདྲིས་དམ་ཟབ་ཅིག་བྱེད་ཐུབ་མ་བྱུང་བ་མ་གཏོགས། ང་ཡི་ཚོར་བས་རྒྱུད་སྐུད་ཀྱི་སྣེ་མོ་ཁྱོད་སར་བསྲིངས་ཡོད་ལ། ངས་ཀྱང་ཧ་ཅང་གཟབ་ནན་དང་ལྡན་པའི་ངང་ནས་སྙན་འཇེབས་ཀྱི་སྣ་གླུ་ཞིག་དང་ཚོར་སྣང་གིས་ཁྱབ་པའི་དབྱངས་རྟ་ཞིག་ཁྱེད་ཀྱི་རྣ་བར་བསྒྲོན་འདོད་ངང་ངམ་ཤུགས་ཀྱིས་སྐྱེས་མྱོང་།

དུས་ཚོད་ཀྱི་བྲེལ་མྱུར་དང་འགྲོགས་ནས་ལོ་ཟླ་འདི་དག་འདི་ལྟར་ཚར་ལ་ཉེ་དུས་བློ་འགྱོད་དང་སེམས་ཁུར་གྱིས་བཞེངས་བའི་དོན་དག་མང་པོ་ཞིག་ཤེས་མེད་ཚོར་མེད་ཀྱིས་ཚར་སོང་ལ། ཁྱེད་དང་འདྲིས་འདོད་ཀྱི་ཚོར་སྣང་ཡོད་ཚད་རླུང་བུས་ཁུར་ནས་རྒྱང་ནས་རྒྱང་དུ་གཡུགས། ཟླ་ངོ་འདི་དག་གི་སློབ་སྦྱོང་དང་སློབ་གྲོགས་ཀྱི་འདུ་ཤེས་དེ་ཡང་འདི་ལྟར་ཚར་ལ་ཉེ་དུས། ངའི་ནང་སེམས་སུ་ད་དུང་ཁེར་རྐྱང་གི་བར་སྟོང་ལྷག་མ་ཞིག་ཡོད་ལ། དེ་ནི་ང་ཁྱེད་དང་འདྲིས་གོམས་སུ་མ་ཆགས་པར་ཞེན་ཆགས་དང་བཅས་ཏེ་འབྲལ་དགོས་པ་དེ་མ་ཡིན་ནམ། མིག་ལ་ཐོགས་པའི་ཁྱེད་ཀྱི་དལ་ལྷོད་འགྲོས་མཉམ་གྱི་གོམ་ཁ་རེ་རེ་དང་སེམས་སུ་སྣང་བའི་ཁྱེད་ཀྱི་འཛུམ་ལྷུག་ལྷུག་གི་དགོད་སྒྲ་གསོན་པོ་སྟེ་སེམས་སུ་བཞག་ནས། འདི་ལྟར་གྱེས་ལ་ཉེ་བར་བསམས་ན། ང་ལ་ལྷག་པ་ནི་ཁྱེད་ཀྱིས་ང་ལ་བཞག་པའི་དུས་སྐབས་ཀྱི་ཚོར་སྣང་ཡོད་ཚད་དང་། ཁྱེད་ཀྱིས་ང་ལ་བཞག་པ་ནི་ནང་སེམས་ནས་ནམ་ཡང་བརྗེད་པར་དཀའ་བའི་ཟླ་ངོ་འདི་དག་གི་དྲན་ཤིང་ལྕི་མོ་དེ་ཅི་ལ་མ་ཡིན་ནམ།

གསལ་ལ་མི་གསལ་བའི་ལས་དབང་གིས་བྲིས་པའི་རི་མོ་རེ་རེ་ནི་ཚོན་གྱིས་བྱུག་པའི་ཁ་དོག་ཡིད་དུ་འོང་ཞིང་སེམས་སུ་སྡུག་པ་བློ་ངོར་སིམ་འགྲོ་བའང་མཐོང་ལ། སྐྱ་དུབ་བེ་མིག་གིས་མི་ཟིན་ཞིང་སེམས་སུ་མི་ཤོང་བའང་མང་པོ་ཡོད། འུ་གཉིས་ཀྱི་ལས་དབང་ལ་མཚོན་ནའང་དེ་གཉིས་ཀྱི་གཅིག་འདྲིས་སུ་གཏོགས་འགྲོ་བར་ངེས། ཁ་ཆད་དང་དུས་ཆད་གང་ཡང་མ་ཡིན་པར་ལས་དབང་གིས་བགོ་སྐལ་དུ་བགོས་ནས་ཟླ་ངོ་འགར་འཛིན་གྲྭ་གཅིག་ཏུ་འཛོམས་པ་འདི་ཡང་ལས་སྐལ་ཏུ་གཏོགས་པར་གདོན་མི་ཟའོ། ། ཁྱེད་ཀྱིས་བདག་སེམས་སུ་བག་ཆགས་བཞག་པའི་ཚོར་འདུ་མངར་སྐྱུར་རེ་བསླངས་བའི་རྐྱེན་གྱིས། བཤོལ་ཐབས་དང་འཛིན་ཐབས་སུ་བྲལ་བའི་བདག་མེད་ཀྱི་སྙི་སེམས་དམར་རྗེན་འདི་ཁྱེད་ཕྱོགས་ལ་འཁྲེང་ཞེན་དུ་གྱུར་བ་འདི་ཡང་གཏམ་རྒྱུད་ཅིག་གི་གོ་རིམ་དང་འགོ་མཇུག་ཏུ་སྒྲེང་ཆོག།

འུ་ཅག་སློབ་གྲྭ་དེ་དང་གྱེས་ཕྱག་བཞག་ནས་གནམ་མཁར་ཟི་ལིང་གི་ལྟེ་བ་ནས་སོ་སོར་ཆས་དུས་ཀྱི་ཉིན་དེར། ངས་ཀྱང་ཁྱེད་ཀྱི་འཕྲིན་ཕྲན་གྱི་ཐོག་ཏུ་སྐྱེལ་མ་ཡི་ཡི་གེ་འགའ་བྲིས་ཏེ་བསྐུར་ནས་ཁྱེད་ལ་བདེ་མོ་བཞག་པ་ཡིན། ཉིན་དེར། འུ་གཉིས་ཀྱི་འཕྲིན་ཕྲན་གྱི་སྒང་ནས་ཕན་ཚུན་ལ་བཤད་འདོད་ཀྱི་སྐད་ཆ་མང་པོ་ཞིག་གླེང་བའི་གོ་སྐབས་ཡུན་ཙམ་རག ངས་ཀྱང་འགྱོད་གདུང་དང་སྐྱོ་གདུང་གི་མནར་བའི་ནང་སེམས་ཀྱི་སྐད་ཆ་མང་པོ་ཞིག་དང་ལག་ཏུ་བསྟར་བའི་དོན་དག་མང་པོ་ཞིག་ཁ་ཁོག་མེད་པར་བདེན་པ་བདེན་དྲང་གིས་ཁྱེད་ལ་ཞུས། ཁྱེད་ཀྱིས་ཀྱང་སྐྱོ་གདུང་དང་བཅས་ངའི་སྐད་ཆ་དེ་དག་ལ་དང་ལེན་དང་ཡིད་ཆེས་གནང་། དེ་ལྟར་སྐད་ཆའི་མཇུག་མ་རྫོགས་པར་ཁྱེད་ཀྱིས་ད་ནི་ང་ཕ་ཡུལ་དུ་ཐོན་བྱུང་། དེ་རིང་ནས་བཟུང་ཡང་ང་ལ་སྟབས་མི་བདེ་པས་ཁྱེད་རང་གི་འཕྲིན་ཕྲན་བསུབ་དགོས་འདུག། དགོངས་པ་མ་ཚོམས་ལགས། རྗེས་སོར་ལས་དབང་ལ་རེ་བཅོལ་གནང་ཞེས་བཤད།

ངས་ཀྱང་སྐྱོ་གདུང་དང་བཅས་ཁྱེད་ཀྱི་རེ་ཞུ་དང་སྐད་ཆ་ཐམས་ཅད་ལ་དང་ལེན་མི་གནང་ཐབས་མེད་དུ་གྱུར།

དེ་ལྟར་ཟླ་ངོ་འགའི་འཚོ་བར་བཞི་ཤད་བཀོད་ནས་ཕྱིར་རང་རང་གི་ཕ་ཡུལ་དང་ལས་ཁུངས་སུ་ཕྱིན། ལོ་ཕྱེད་ཙམ་འདས་པའི་ཉིན་ཞིག་ལ་ཁྱེད་ཀྱིས་ངས་སྐད་འཕྲིན་བསྣན་ནས་ཐོན་བྱུང་།

ང་གློ་བུར་དུ་དགའ་སྣང་དང་བཅས་ཁྱེད་ཀྱི་སྐད་འཕྲིན་སྣེ་ལེན་གནང་། ངས་གློ་བུར་དུ་ཡུན་རིང་དུ་རང་གི་སེམས་ནང་དུ་ཉར་བའི་སྐད་ཆ་མཐའ་དག་དབུགས་ཐེངས་གཅིག་གིས་ཁྱེད་ལ་བཤད་འདོད་སྐྱེས་བྱུང་། ཡིན་ཡང་བཤད་མ་ཕོད་པར་སེམས་སུ་ཉར། ཁྱེད་ཀྱིས་མོར་ལས་གནས་གཞན་ཞིག་ཏུ་ཡོད། ཉིན་འགའ་ལ་ཧ་ཅང་སྟབས་བདེ་བས་ཁྱེད་ལ་སྐད་འཕྲིན་བསྣན་པ་ཡིན། ཁྱེད་རང་སྟབས་བདེའམ་ཞེས་དྲིས་བྱུང་། ང་རང་ཧ་ཅང་དགའ་སྣང་དང་བཅས་སྟབས་བདེ་པོ་ཡིན་ཞེས་ལན་བཏབ། ཉིན་དེ་དག་གི་རིང་ལ་ངེད་གཉིས་ཀྱིས་སེམས་ཀྱི་འདོད་ཕྱོགས་དང་དྲན་ཕྱོགས་མ་གསང་མ་སྦས་པར་གཅིག་གཅིག་ལ་ཅི་འདོད་ལབ་ཅིང་།ལྷག་ཏུ་འདང་བརྩེ་དང་དྲན་གདུང་ཡང་ལྗིད་པོ་ཞིག་སེམས་སུ་བཞག།

མི་ཚེའི་འཚོ་བའི་ནང་དུ་ཁྱེད་རང་ནི་བདག་གི་ལམ་བར་ནས་རྙེད་པའི་མུ་ཏིག་རྡོག་ཅིག་ཡིན་ལ།ང་ཡི་སྐྱོ་གདུང་དང་བརྩེ་གདུང་ཡོད་ཚད་མུ་ཏིག་རྡོག་ཅིག་གི་ཁ་དོག་ཏུ་བྲིས་ཡོད། མུ་ཏིག་རྡོག་ཅིག་དེ་ངའི་མི་ཚེའི་ཁྲོད་ཀྱི་འདང་ཆེ་བའི་ནོར་བུ་ཞིག་ཡིན་ལ། མུ་ཏིག་རྡོག་ཅིག་དེ་ང་ཡི་སྐེ་རུ་བཏགས་པའི་མི་ཚེའི་སྲུང་འཁོར་དེ་ཡིན། འབོར་ཐབས་མེད་ལ་འདོར་ཐབས་ནི་དེ་བས་ག་ལའོ། །


  • ལེ་ཚན་སྔོན་མ།:རྨི་ལམ་དང་གཞན་དག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།