རོང་བྲག་རྫོང་གིས་སྐྱེ་ཁམས་ལ་བརྟེན་ནས་འབྱུང་འཕྲོད་དཔལ་འབྱོར་བསྐྲུན་པ་དང་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་རམ་འདེགས་བྱས།

ཀུན་དགའ་བསམ་གཏན་གྱིས་བསྒྱུར།        2023-07-26

རོང་བྲག་རྫོང་གིས་སྐྱེ་ཁམས་ལ་བརྟེན་ནས་འབྱུང་འཕྲོད་དཔལ་འབྱོར་བསྐྲུན་པ་དང་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་རམ་འདེགས་བྱས།

རོང་བྲག་གི་གནས་ཚང་།

ཚ་གདུག་ཆེ་བའི་དབྱར་དུས་སླེབས་པ་ན། ས་གནས་ཁག་གི་ཡུལ་སྐོར་བ་མང་པོ་རོང་བྲག་མཛེས་མའི་ལུང་པར་ཡོང་ནས་ཚ་གཡོལ་བྱེད་ཀྱིན་ཡོད། བརྒྱ་རྒྱུད་དང་སྤྲོ་སྣང་ས་ཆའི་གནས་ཚང་ཁག་ཏུ་སྡོད་མཁན་མང་བས་སྐབས་འགར་སྡོད་གནས་མི་རག་པ་དང་། ལྗོངས་ཁུལ་གྱི་ཡུལ་སྐོར་ལྟེ་གནས་སུ་ཞིང་ཆེན་ཕྱི་ནང་གི་འཁོར་རྟགས་བཀལ་བའི་རླངས་འཁོར་གྱིས་ཁེངས། ཞིང་ལས་ཐོན་ལས་གླིང་ཁུལ་དུ་སྔོ་ཚལ་དང་ཤིང་འབྲས་སོས་པ་འཐུ་མཁན་གྱི་ཡུལ་སྐོར་བ་རྒྱུན་མི་ཆད་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཞིང་ལས་དེ་རོང་བྲག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བའི་ནོར་གཞུང་ལྟ་བུར་གྱུར་ཡོད།

སྐྱེ་ཁམས་དང་ཞིང་ལས་ཟུང་འབྲེལ་བྱས་ནས་ཞིང་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པར་བསྐུལ།

ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་གིས་འབྱུང་འཕྲོད་འཕེལ་རྒྱས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཏེ་རི་བོ་གཞན་སྒྱུར་གྱི་ལམ་བུ་བཏོད་དེ་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་གསོན་ཤུགས་འཕེལ་བ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་སྒུལ་ཤུགས་བསྣན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་གིས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་བསམ་ཕྱོགས་ལྟར་དཔལ་འབྱོར་དང་སྐྱེ་ཁམས་གཉིས་ཕན་གྱི་ཁྱད་ལྡན་ཞིང་ལས་དང་། སྤུས་རྟགས་ཞིང་ལས། ནགས་ཁྲོད་དཔལ་འབྱོར་སོགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་སེར་ཕྱུག་འགྱུར་དང་སྐྱེ་ཁམས་མཛེས་པ་གཅིག་གྱུར་ཡོང་བར་བསྐུལ་ཡོད།

2022ལོའི་སྤྱི་ཟླ9པའི་ཚེས27ཉིན་རོང་བྲག་རྫོང་གི་སྤུས་ལེགས་ཀུ་ཤུ་སྔོག་འཐུའི་དུས་ཆེན་སྐབས་དང་པོའི་ཐོག་དམུ་རྡོ་གྲོང་རྡལ་པོ་སེ་ལུང་གྲོང་སྡེའི་ཀྲང་ཁྲེང་ཝུའུ་ཡིས་བསྐྱལ་བའི་ཀུ་ཤུ་ལ་སྤུས་ལེགས་ཀུ་ཤུའམ་ཤིང་ཏོག་གི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ་ཡོད། དེ་རྗེས་རིན་མཐོ་ཕྱི་ཚོང་བྱེད་དུས་ཀུ་ཤུ་རེར་སྒོར1149དང1099ཡི་རིན་གོང་མཐོན་པོས་ཧབ་ཚོང་བྱས། ཁྲོམ་རའི་ཐོག་སྤུས་ལེགས་ཀུ་ཤུ་ལ་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བར་མ་ཟད།རོང་བྲག་ཞིང་པའི་འབབ་འཕར་ཡོང་ཁུངས་ཀྱི་ཁྱད་ལྡན་ཐོན་ལས་ཤིག་ཏུའང་གྱུར་པ་རེད།

རོང་བྲག་རྫོང་བརྒྱ་རྒྱུད་གྲོང་རྡལ་ཉ་ག་གྲོང་སྡེའི་ཨ་གཅེས་སྒྲོལ་མ་ཚང་ནི་སྤུས་ལེགས་ཀུ་ཤུ་འདེབས་སྔ་ཤོས་ཀྱི་འདེབས་འཛུགས་དུད་ཚང་ཞིག་ཡིན་པ་དང་། ཁོས་ང་ཚོའི་ཁྱིམ་དུ་ཀུ་ཤུའི་སྡོང་པོ་ཁྱོན310བཙུགས་ཡོད། ན་ནིང་ནས་བཟུང་ཀུ་ཤུ་སྤྱི་རྒྱ3000བྱུང་བ་དེ་ཁེ་ལས་ཀྱིས་སྤྱི་རྒྱ་རེར་སྒོར10ཡི་རིན་གོང་ལྟར་ཉོ་སྒྲུབ་བྱས་ནས་ཡོང་འབབ་སྒོར་ཁྲི3ལྷག་རག་བྱུང་ཞེས་བཤད།

ཞིང་ལས་ལག་རྩལ་མཁས་ཅན་ཧྲང་ཀོན་ཞོན་སི་ནི་ཀུ་ཤུའི་འབྱུང་ཡུལ་ཧྲཱན་ཞི་ནས་ཡིན་པ་དང་། ཀུ་ཤུ་འདེབས་འཛུགས་ཐད་ཞིབ་འཇུག་བྱས་ནས་ལོ30ལྷག་ཙམ་སོང་ཡོད། རོང་བྲག་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱིས་ཆེད་མངགས་ལག་རྩལ་གདན་ཞུ་མི་སྣ་ཡིན་པས་སྤུས་ལེགས་ཀུ་ཤུའི་འདེབས་འཛུགས་དང་དོ་དམ་སྲུང་སྐྱོང་ཐད་ཆེད་མངགས་མཛུབ་ཁྲིད་བྱེད་བཞིན་ཡོད། ཧྲང་ཀོན་ཞོན་སིས་ངོ་སྤྲོད་བྱས་པར་གཞིགས་ན།རོང་བྲག་རྫོང་དུ་ཉི་འོད་འཕྲོ་པའི་དུས་ཚོད་རིང་བ་དང་།ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ།སྐྱེ་ཁམས་ཁོར་ཡུག་ལེགས་པས་ཀུ་ཤུའི་ཕྱི་ངོས་མཛེས་པ་དང་།མངར་ཆ་མང་བ།མངར་ཚད་ཏུའུ25.2ལ་ཟིན་པ་དང་།ཁྲོམ་རའི་ཐོག་གི་ཀུ་ཤུ་གཞན་དག་གི་མངར་ཚད་ཀྱི་ལྡབ་གཉིས་ཡིན་པས་དེ་ནི་ཀུ་ཤུ་བྲིན་རྒྱུགས་ཆེ་བའི་རྒྱུ་རྐྱེན་ཤིག་ཀྱང་ཡིན་ཟེར།

ཉེ་བའི་ལོ་ཤས་རིང་།རོང་བྲག་རྫོང་གིས་སྤྱི་གཉེར་ཁང་དང་།མཉམ་ལས་ཁང་།ཞིང་དུད་བཅས་ཟུང་དུ་འབྲེལ་བའི་འདེབས་འཛུགས་བྱེད་སྟངས་སྤྱད་དེ་ས་ཞིང་ནང་བཤུག་དང་སྐྱེ་ཁམས་སླར་གསོ་སོགས་བྱེད་ཐབས་བརྒྱུད་སྤུས་ལེགས་ཀུ་ཤུ་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་བ་དང་། ཚོད་ལྟའི་དཔེ་སྟོན་རྟེན་གཞི་མུའུ500བསྐྲུན་པ། སྤུས་ལེགས་ཀུ་ཤུ་ཡུལ་གྲོང10ལྷག་ལ་འདེབས་ཤིང་།རྒྱ་ཁྱོན་མུའུ7910ལ་ཟིན་ཡོད། 2022ལོར་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི42ལ་ཟིན་ཡོད། སྔོན་དཔག་བྱས་ན2025ལོར་སླེབས་སྐབས་འབྲས་བུ་ཐོན་པའི་དུས་སུ་ཐོན་ཚད་རྒྱ་མ་ཁྲི200ཡན་ཟིན་པ་དང་མུའུ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ཡན་ལ་ཟིན་རྒྱུ་རེད།

སྐྱེ་ཁམས་དང་ཐོན་ལས་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་རྒྱ་སྐྱེད་གཏོང་།

མདའ་མདོ་གྲོང་སྡེ་ནས་རོང་བྲག་རྫོང་གྲོང་བར་སྤྱི་ལེ72ཡོད། མདའ་མདོ་གྲོང་སྡེའི་ཆ་སྙོམས་ས་བབ་མཐོ་ཚད་སྨི4100ལ་ཟིན། རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི26ཙམ་དང་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི8ཙམ་ཡོད།དེ་ནི་དཔེ་མཚོན་གྱི་ཞིང་མ་འབྲོག་གི་གྲོང་སྡེ་ཞིག་ཡིན། གྲོང་མིའི་ཡོང་འབབ་གཙོ་བོ་རྩྭ་སྨན་རྒྱུ་སྔོག་འཐུ་དང་ཕྱིར་གླ་པར་བསྐྱོད་ནས་ཡོང་བ་ཡིན་ཏེ། 2014ལོར་གྲོང་སྡེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར2312ལས་མེད་པས་གྲོང་སྡེ་དབུལ་པོའི་གྲས་སུ་བཞག་ཡོད།

2018ལོར་རོང་བྲག་རྫོང་གིས་རྩྭ་སྨན་རྒྱུ་འདེབས་འཛུགས་སྤྱི་གཉེར་ཁང་ནང་འདྲེན་བྱས་ནས་མ་དངུལ་སྒོར་ཁྲི1000ལྷག་བཏང་སྟེ་མདའ་མདོ་གྲོང་སྡེར་རི་མཐོའི་སྤྲི་ནག་དང་སྙི་བ་འདེབས་འཛུགས་རྟེན་གཞི་མུའུ260བསྐྲུན་པ་དང་སྨི་གྲུ་བཞི་མ3000ལ་ཟིན་པའི་ས་བོན་ཐོན་སྐྱེད་དང་།སོན་མྱུག་གསོ་སྤེལ།དཔེ་སྟོན་འདེབས་འཛུགས་བཅས་གཞི་གཅིག་ཅན་གྱི་སྨན་རྒྱུའི་མྱུ་གུ་གསོ་བའི་དྲོད་ཁང་བསྐྲུན་ནས་ལོ་ལྟར་སྤྲི་ནག་སྡོང་ཕྲུག་ཁྲི750དང་སི་ཁྲོན་སྙི་བ་ཁྲི2000བཏབ་ཡོད། དེ་ནི་རང་ཁུལ་གྱི་རི་མགོའི་སྤྲི་ནག་དང་སྙི་བའི་འདེབས་འཛུགས་རྟེན་གཞི་ཆེ་ཤོས་དེ་ཡིན།

2022ལོའི་བར་སྤྱི་གཉེར་ཁང་དང་།ཀྲི་པུའུ།རྟེན་གཞི།ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་གཞིགས་ནས་ནགས་ས་གཙོ་བོར་བྱེད་པ་དང་རྨོ་ཞིང་རམ་འདེགས་སུ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཏེ་རོང་བྲག་རྫོང་དུ་སྤྱི་གཉེར་ཁང་གིས་རི་མཐོའི་སྤྲི་ནག་མུའུ1300འཕེལ་རྒྱས་བཏང་བ་དང་།ལོ་གསུམ་ནས་ལྔའི་རྗེས་ཞིང་ས་མུའུ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི3དང་།ནགས་ས་མུའུ་རེར་ཆ་སྙོམས་ཡོང་འབབ་སྒོར7000བྱུང་བ།ལས་གཞི་དེ་གཉིས་ཀྱི་ཐོན་རྫས་རིན་ཐང་ཁྱོན་སྒོར་ཁྲི1922ལ་ཟིན་ཡོད།

ད་ལོ་ལོ42ལ་སླེབས་པའི་མདའ་མདོ་གྲོང་སྡེའི་དབུལ་ཐར་དུད་ཚང་ཚེ་དབང་བསོད་སྐྱིད་ཚང་ལ་ནང་མི་བཞི་ཡོད་ཅིང་།བུ་བུ་མོ་གཉིས་ཀ་ཞིང་ཆེན་ནང་ཁུལ་དུ་སློབ་ཆེན་འགྲིམ་བཞིན་ཡོད་པས་སློབ་ཡོན་རྒྱལ་ཁབ་ཀྱིས་རྩ་ཆག་བཏང་ཡང་ལོ་ལྟར་ཕྲུ་གུ་གཉིས་ཀྱི་འཚོ་བའི་འགྲོ་གྲོན་སྒོར་ཁྲི2ལྷག་གཏང་དགོས་ཀྱི་ཡོད། རྟེན་གཞིར་ལས་ཀ་བྱེད་པར་མ་བསྐྱོད་གོང་ཁྱིམ་ཚང་གི་འཚོ་བ་དེ་གཙོ་བོ་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་དེ་བཞིན་ལོ་ལྟར་ཁྱོ་གས་ཕྱིར་གླ་པ་བརྒྱུགས་ནས་ཡོང་གི་ཡོད། 2019ལོར་ཡུལ་ཤོག་དང་གྲོང་སྡེ་རིམ་པ་གཉིས་ཀྱི་འབྲེལ་མཐུད་དང་མཐུན་སྦྱོར་བརྒྱུད་ཚེ་དབང་བསོད་སྐྱིད་ཀྱིས་རང་ཁྱིམ་གྱི་ཞིང་ས་མུའུ་གསུམ་སྤྱི་གཉེར་ཁང་ལ་འགན་གཙང་སྤྲད་ནས་ལོ་ལྟར་ཡོང་འབབ་སྒོར1800རག་གི་ཡོད། དེ་མིན་རྟེན་གཞིར་ལས་ཀ་བྱས་ནས་ལོ་ལྟར་ཡོང་འབབ་སྒོར12000ལྷག་རག་གི་ཡོད།དེའི་ཐོག་ཁྱོ་གས་གླ་པ་བྱེད་པ་དང་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་གཞན་དག་བསྣན་ཚེ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལྷག་ཙམ་རག་གི་ཡོད། སློབ་ཆེན་ཐོན་ཉེར་ཡོད་པའི་བུ་དང་བུ་མོ་གཉིས་ཀ་ཡུན་རིང་མི་དགོས་པར་ལས་ཞུགས་ཀྱི་ལམ་བུར་བསྐྱོད་རྒྱུ་ཡིན་པས་ཚེ་དབང་བསོད་སྐྱིད་ཀྱིས་དགའ་སྤྲོའི་ངང་འཚོ་བར་རེ་བ་འཆང་གིན་ཡོད།

གྲོང་སྡེ་དེར་ད་དུང་ཚེ་དབང་བསོད་སྐྱིད་དང་འདྲ་བའི་ཞིང་དུད་ད་དུང50ལྷག་ཡོད། སྤྱི་གཉེར་ཁང་གིས་ཞིང་འབྲོག་དུད་ཚང50ལྷག་གི་ཞིང་ས་བོགས་མར་བླངས་པ་དེ་ཁྱོན་མུའུ260ལྷག་ལ་ཟིན་ཡོད། ཞིང་ས་བོགས་མར་བཏང་བར་སྒོར་ཁྲི20བཏང་བ་དང་ལོ་ལྟར་གྲོང་སྡེའི་ཞིང་དུད་མི་ཐེངས6000ཙམ་ལ་ལས་གནས་མཁོ་འདོན་བྱས་ནས་ངལ་ལས་གྲོན་དངུལ་སྒོར་ཁྲི60ཙམ་སྤྲད་ཡོད།ལོ་ལྟར་ཞིང་ལུད་ཏུན400ཉོ་བཞིན་ཡོད་པས་འགྲོ་གྲོན་སྒོར་ཁྲི20ཙམ་སྤྲད་ཡོད། སྤྱི་གཉེར་ཁང་གིས་ལོ་ལྟར་མདའ་མདོ་གྲོང་སྡེར་ཡོང་འབབ་སྒོར་ཁྲི100ཙམ་ཐད་ཀར་འཕར་བ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར1600ལྷག་ཙམ་ཡོང་གི་ཡོད། ཐོན་ལས་འཕེལ་རྒྱས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དང་།སྟབས་བདེའི་འབྲུ་རིགས་རྨོ་འདེབས་དང་།ཕྱུགས་རིགས་གསོ་ཚགས།སྨན་རྒྱུ་སྔོག་འཐུ་སོགས་ཀྱི་བྱེད་ཐབས་ཙམ་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་བ་སྐྱོང་མི་དགོས་པར།ཞིང་ས་བརྒྱུད་བཤུག་དང་།ས་ཆ་དེ་རང་དུ་ལས་ཀ་བྱེད་པ།ཐོན་སྐྱེད་རྒྱུ་ཆ་མཁོ་འདོན་བྱེད་པ་བཅས་བརྒྱུད་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་བཏང་བས་ས་གནས་དེ་གའི་མི་སེར་གྱི་ཡོང་འབབ་ཐབས་ལམ་དེ་བས་མང་དུ་ཕྱིན་ཡོད།

ཅ་ཡོན་སྤྱི་གཉེར་ཁང་གི་འགན་འཁུར་བ་ཝང་ཆང་གིས་ཕྱིན་ཆད་ང་ཚོས་གྲོང་སྡེའི་ཀྲི་པུའི་བར་གྱི་མཉམ་ལས་ལ་སྔར་བས་ཤུགས་བརྒྱབ་ནས་རོང་བྲག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ནང་རྒྱུན་མཐུད་ངང་ཞུགས་ཏེ་ཡུལ་གྲོང་ཚང་མར་དཔེ་སྟོན་ས་ཚུགས་རེ་བཙུགས་ནས་དཔེ་སྟོན་སྣེ་ཁྲིད་དང་།དཔེ་མཚོན་སྣེ་ཁྲིད་བཅས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་ཡིན།དཔེ་སྟོན་འཛུགས་སྐྱོང་བྱས་པ་བརྒྱུད་བཤད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཆ་རྐྱེན་འཛོམས་པའི་ཞིང་དུད་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུ་དང་།ས་གནས་དེ་གའི་ཞིང་འབྲོག་པའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན།འབྱུང་འགྱུར་སྤྱི་གཉེར་ཁང་གིས་འདེབས་ཁྱོན་མུའུ8000བར་རྒྱ་ཆེར་གཏོང་རྩིས་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་།རོང་བྲག་རྫོང་གིས་རི་འགོའི་ཕྱུགས་རིགས་དང་སྨན་རྫས།རི་རྐེད་ཀྱི་འབྲ་འབྲུ་དང་ཤིང་ཏོག།རི་འདབས་ཀྱི་སྔོན་ཚལ་དང་ཤ་མོའི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས་བཙན་ལྷ་དང་དགེ་བཤེས་རྩ། ཆུ་ཆེན་བཅས་ཆུ་བོ་རྒྱུག་ཁུལ་གསུམ་གཙོ་བོར་བྱས་ཏེ་སྤུས་ལེགས་ཀུ་ཤུ་གཙོ་ཁྲིད་དུ་བྱས་པའི་ཤིང་འབྲས་དང་།རི་མཐོའི་སྤྲི་ནག་གིས་གཙོ་ཁྲིད་དུ་བྱས་པའི་རྒྱ་ལུགས་སྨན་དང་།སྔོ་ཚལ།གཡེར་མ།དེང་རབས་འདེབས་འཛུགས་ལས་རིགས་བཅས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་ལ་བསྐུལ་ནས།ཁྱད་ལྡན་ཞིང་ལས་རྟེན་གཞི་མུའུ་ཁྲི5.44བསྐྲུན་ཡོད། བྲིན་ཚོང་ཡོང་འབབ་སྒོར་ཁྲི4000ཙམ་ལ་ཟིན་ནས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི500ཡན་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་སྔར་ལས་ཆེ་རུ་བཏང་བ་དང་།ཐོན་ལས་ཀྱི་ས་ཁོངས་ཁྱད་ཆོས་དང་ཐོན་ལས་ཀྱི་བཟང་ཆ་རིམ་བཞིན་ཆགས་བཞིན་ཡོད།

སྐྱེ་ཁམས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ནས་གྲོང་སྡེའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་བསྐུལ།

བདེ་སྐྱིད་ཁང་བ་གནས་ཚང་གི་བདག་མོ་བདེ་སྐྱིད་མཚོས་མགྲོན་པོ་ཚོར་སྤྱི་ཟླ2པའི་ཟླ་མཇུག་ཙམ་ནས་ཡུལ་སྐོར་བ་ཚོས་སྔ་ཕྱིས་སུ་ཁང་པ་ཐོ་འགོད་བྱས་བྱུང་། སྤྱི་ཟླ3པའི་ཚེས10ནས་ད་ལྟའི་བར་དུ་ང་ཚོའི་གནས་ཚང་གི་ཁང་པ50ཚང་མ་ཉིན་ལྟར་ཡུལ་སྐོར་མགྲོན་པོས་གང་བྱུང་ཞེས་བཤད།

ཟླ་གསུམ་པའི་ཟླ་མཇུག་ཏུ་རོང་བྲག་རྫོང་སྤྲོ་སྣང་ལྗོངས་ཁུལ་དུ་ལི་མེ་ཏོག་བཞད་པས་ཧ་ཅང་འཁྲུག་ཆ་དོད་པོ་ཡིན། བསྡོམས་རྩིས་བྱས་པར་གཞིགས་ན།སྤྱི་ཟླ་གསུམ་པར་ལི་མེ་ཏོག་བཞད་པའི་དུས་ཚིགས་སུ་རོང་བྲག་ཏུ་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི20ལྷག་ལ་ཟིན་པ་དང་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི22011ལ་ཟིན་ཡོད།

ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་གཅིག་འདོམས་བྱེད་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་བརྟེན་ནས་རྫོང་ཡོངས་ཀྱི་གོང་འོག་ཚང་མར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གྲུབ་པ་དང་།གྲོང་སྡེ་ནི་ལྗོངས་ཁུལ་དང་།ཞིང་ལས་ནི་ལྗོངས་གནས། ཞིང་པ་ནི་ཡུལ་སྐོར་ལས་དོན་མི་སྣ་ཡིན་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཟིན་པར་མ་ཟད་ཕན་འབྲས་ཀྱང་ཐོན་ཡོད།ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྲོང་སྡེར་སྐྱོད་པ་དང་།གྲོང་སྡེའི་སྣེ་ལེན་གང་སར་ཁྱབ་པ།དམངས་ཀྱི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟ་བུའི་ཐོན་ལས་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་རོང་བྲག་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི301ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར33ལ་ཟིན་པ་རེད། ཡུལ་སྐོར་ལས་དོན་མི་སྣ1800ལྷག་ལ་ཟིན་པ་དང་། རྫོང་ཡོངས་ཀྱི་མང་ཚོགས་བརྒྱ་ཆ70ཡན་ལ་ཕན་པ་ཐོབ་ཡོད། ཡུལ་སྐོར་གྱི་ཐད་ཀའི་ལས་ཞུགས་མི་སྣར་འབབ་འཕར་སྒོར་ཁྲི3ཡན་བྱུང་བ།རིམ་མཐོ་གནས་ཚང་དང་དཔེ་སྟོན་དུད་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི200ལས་བརྒལ་ནས་ཡུལ་སྐོར་དམངས་ཕན་གྱི་ཐོན་འཕར་མ་ལག་ཤིག་ཆགས་ཡོད།

འབབ་རྒྱུད་ལྔ་དང་རི་རྒྱུད་ལྔ། སྤྱི་ལེ་གྲུ་བཞི་མ་ལྔ་སྟོང་ལྷག། མི་འབོར་ཁྲི་ལྔ་སྟོང་ལྷག། སྐད་རིགས་ལྔ་བཅས་ཡོད་པའི་རོང་བྲག་རྫོང་གི་ཡུལ་ཤོག་སོ་སོར་རི་སྔོ་ཆུ་དྭངས་ཡིན་པས་སྐྱེ་ཁམས་ནུས་ཁུངས་ལེགས་པོར་བརྟེན་ནས་གྲོང་སྡེའི་དཔལ་འབྱོར་ལ་འགྱུར་ལྡོག་བྱུང་བ་དང་།མི་སེར་ཚོའི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གྲོང་ཚོ་འཛུགས་པ་དང་ཀྲུང་གོའི་འཐུས་མི་ཚོགས་པ་ཁག་དང་པོའི་ཁོངས་མི་རྣམས་གྲོང་ཚོར་ཞུགས།
  • ལེ་ཚན་རྗེས་མ།:སྐར་ཚོགས་ཁྲོད་ཀྱི་གནས་མཆོག།དེ་བས་མཛེས་སྡུག་ལྡན་སོང་།།
  • དོ་སྣང་ཆེ་བའི་རྩོམ།