ཆ་ཤས་ཀྱི་ནམ་མཁའ།

སྐྱིད་རྒྱ་མཚོ།        2023-07-26

གྲོག་མ་ཡི་གོམ་འགྲོས་དེ་ཉིད།

གནམ་མཐའ་རུ་བཞག་པས།

དུས་ཚོད་ཀྱི་འཁོར་འཁོར་

རེ་རེ་བཞིན་བགྲངས་ཏེ།

ཡངས་པའི་སྤང་གཞུང་ལ་

གཉིད་དུ་ཡུར།

ཆང་གིས་རབ་རིབ་ཏུ་གྱུར་ཅིང་།

ཁ་བ་ནི་ལུས་ལ་སིབ་སིབ་

ཏུ་བབས་པས།

ལམ་འགྲོ་བ་ཞིག་ལ་ལག་

བརྡ་བྱས་ཀྱང་།

རྒྱང་མིག་ཆོད་པའི་ས་ནས་

དལ་གྱིས་མོག་པོར་གྱུར།

མེ་ཏོག་ཅིག་ལ་འཁྱུད་དེ།

འོ་ཇ་ཕོར་པ་གང་མདུན་དུ་བླུགས་ཏེ།

ཉི་མའི་ཟེར་ཐག་ཅིག་ཉེ་སར་

བསུས་ནས།

གཏམ་བརྗོད་ཅིག་གི་སྒོ་གླེགས་ཕྱེས།

སྟོན་མཇུག་གི་སྡོང་ལོ་རྣམས་ཀྱང་།

བྲེལ་བས་ཁེངས་ཤིང་འགྲོ་

བའི་སྟ་གོན་བྱེད།

དེ་ལ་གྱེས་གདུང་གི་འཐབ་

འཁྱུད་སུ་ཡིས་བྱེད།

དེ་ཉིད་མི་འབྲལ་བར་

དགུན་ཁ་ལ་སྡོད་ཚུགས་སམ།

རྣམ་ཤེས་ཀྱི་ཁམས་སུ་སྡིག་སྒྲིབ་

ཀྱི་ཁ་རླངས་ཕོག་པས།

འཚོ་བའི་མདངས་ཀྱང་ནག་པོར་གྱུར།

ཟབ་ཁྲུས་ཤིག་བྱ་བའི་ཆེད་དུ།

ཆུ་ཟོམ་གྲངས་མེད་བཀང་ཡང་།

བཀྲུ་སྣོད་ཅིག་ད་དུང་འཚོལ་

དགོས་བྱུང་།



  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།