མཚན་གཞས།

གཡུང་དྲུང་བཀྲ་ཤིས།        2023-07-24

ག་མེད་ལོ་ཟླའི་ཆུ་བོའི་བཞུར་རྒྱུན་ཁྲོད་ནས།།

དམིགས་གཏད་ཡིད་ཀྱི་གྲུ་གཟིངས་རླབས་ཀྱིས་དེད་སོང་།།

ངེས་མེད་དྲན་རྟོག་བཙན་པོའི་ཤྭ་འོད་བརྡོལ་བས།།

འཇིག་རྟེན་ཁྲ་ཁྲའི་སྣང་བས་མདུན་ལམ་བཀག་སོང་།།

དབང་མེད་ལས་ཀྱི་མཚོ་མོའི་གྲུ་ལ་ཞུགས་ཏེ།།

སུན་སྣང་རླབས་ཀྱི་འཁྲི་ཤིང་བསྐྱོན་པ་རྩེན་ཡང་།།

མི་ཚེའི་རི་མོར་སྐྱ་ཐིག་འཕེན་འདོད་མེད་པས།།

སྐྱོ་གདུང་མིག་ཆུའི་ཕྲེང་ཐག་རྦད་ཀྱིས་བཅད་དོ།།

ལང་ཚོའི་འདབ་མ་སྒྲིག་ཁྲིམས་བཙན་པོས་གཏོར་ཏེ།།

སེམས་ཀྱིས་རྙེད་པའི་རེ་འདུན་གསེར་གྱི་རྨི་ལམ།།

མི་འདོད་ལོ་ཟླའི་ཐོ་རེངས་ཅོང་བརྡས་དཀྲོགས་ནས།།

ཚེ་འདིའི་ཉིན་ཐོ་ཆར་རྗེས་འཇའ་ལ་ཐིམ་སོང་།།

མི་ཚེའི་དབྱངས་རྟ་དབེན་པའི་རི་ནས་བླངས་ཀྱང་།།

ཡིད་ཀྱི་ལྷིང་འཇགས་དུག་ལྔའི་སྒོ་ཁྱིས་འཕྲོགས་སོང་།།

བསྙེན་སྒྲུབ་ལས་ཀྱི་བཤུལ་ལམ་ཀྱག་ཀྱོག་ཁྲོད་ནས།།

སྙན་ཚིག་རི་མོ་འབྲི་བའི་བཟོ་ལྟ་རྒུད་སོང་།།

དབང་མེད་ཁྲིམས་ཀྱིས་བཞག་པའི་རྨ་ཁ་ཆེ་ཡང་།།

སེམས་པ་སེམས་ཀྱིས་བརླན་པའི་སྡོང་གྲོགས་མེད་པས།།

གཟུགས་མེད་རྨ་ཁ་བསྟེན་སའི་ལྷ་རྗེ་མི་གདུག།

གཞོན་པའི་ལང་ཚོ་ན་ཟུག་ཀློང་ནས་རྫོགས་སོང་།།



  • ལེ་ཚན་སྔོན་མ།:བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།