རང་རྒྱལ་གྱིས་གྲོང་གསེབ་གློག་དྲྭ་བརྟན་པོ་དང་ལེགས་སུ་གཏོང་བའི་ལས་གྲྭ་ལག་ལེན་བསྟར་རྩིས་ཡོད།

    མི་དམངས་དྲ་བ་ནས་དྲངས།    2023-07-24

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ7པའི་ཚེས14ཉིན་གློག་འཕྲིན་འབྱོར་གསལ། ཚེས14ཉིན་རྒྱལ་ཁབ་བསྒྱུར་འཕེལ་ཨུ་ལྷན་དང་། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱིས་མཉམ་དུ་ཕྱི་ཕྱོགས་སུ《གྲོང་གསེབ་ཀྱི་གློག་དྲྭ་བརྟན་པོ་དང་ལེགས་སུ་གཏོང་བའི་ལས་གྲྭ་ལག་ལེན་བསྟར་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད། བསམ་འཆར་ནང་གྲོང་གསེབ་ཀྱི་གློག་དྲྭ་བརྟན་པོ་དང་ལེགས་སུ་གཏོང་བའི་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་ནས་གྲོང་གསེབ་ཀྱི་གློག་ཤུགས་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་བརྟན་པོ་དང་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་ནུས་རྒྱུ་གསར་པའི་མ་ལག་འཛུགས་པར་སྐུལ་འདེད་གཏང་དགོས་ཞེས་བཏོན་ཡོད།

བསམ་འཆར་ནང་བཏོན་དོན། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་པར་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་རིང་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ལ་དམིགས་ནས་གྲོང་གསེབ་ཀྱི་གློག་དྲྭའི་ཞན་ཆ་བསལ་ཏེ་གྲོང་གསེབ་ས་ཁུལ་གྱི་གློག་མཁོ་འདོན་ནུས་པ་དང་གློག་མཁོ་འདོན་སྤུས་ཚད་མཐོ་རུ་གཏང་དགོས་ལ། གྲོང་གསེབ་ཀྱི་བསྐྱར་སྐྱེས་རུང་བའི་ནུས་རྒྱུ་གསར་སྤེལ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་སོགས་ཀྱི་ལས་འགན་གསར་པ་དང་བླང་བྱ་གསར་པ་དང་འཚམ་པར་བྱས་ནས་གྲོང་གསེབ་ཀྱི་གློག་དྲྭའི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་གློག་དྲྭ་བརྟན་པོ་དང་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་ནུས་རྒྱུ་གཙང་མ་བེད་སྤྱོད་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏང་དགོས།

བསམ་འཆར་ནང་ཁ་གསལ་བཏོན་དོན། 2035ལོར་སླེབས་སྐབས་ཉེན་མེད་ཡིན་ལ་བློས་འགེལ་ཆོག་པ་དང་རིག་ནུས་སྒོ་དབྱེའི་དེང་རབས་ཅན་གྱི་གྲོང་གསེབ་ཀྱི་གློག་དྲྭ་གཞི་རྩའི་ཆ་ནས་བསྐྲུན་ཏེ་གྲོང་གསེབ་ས་ཁུལ་གྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་ཤུགས་ཞབས་འདེགས་གཞི་རྩའི་ཆ་ནས་དོ་སྙོམས་ཅན་མངོན་འགྱུར་ཐུབ་པ། བསྐྱར་སྐྱེས་རུང་བའི་ནུས་རྒྱུ་གསར་སྤེལ་བེད་སྤྱོད་དང་རང་སའི་ཟད་གྲོན་ཕྱོགས་ཡོངས་ནས་ཐེག་པ། གྲོང་གསེབ་ས་ཁུལ་གྱི་གློག་རླངས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། གློག་ཤུགས་ཀྱི་རང་བརྟེན་འགན་ལེན་ནུས་པ་ཆེ་རུ་འགྲོ་བ་བཅས་ལས་གྲོང་གསེབ་དར་རྒྱས་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འདེགས་སྐྱོར་ནུས་ལྡན་བྱ་དགོས། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སྐྱེ་ཁམས་སྲུང་སྐྱོང་ཚོགས་ཆེན་དུ་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།