2023-07-21
ལྷ་སྒང་ཇོ་བོ།
2022ལོའི་ཟླ6པའི་ཚེས29ཉིན་ཁོ་བོ་དར་རྩེ་མདོ་ནས་དཔལ་ལྷ་སྒང་རིགས་གསུམ་མགོན་པོར་གནས་མཇལ་དུ་བསྐྱོད་པ་ཡིན། སྤྱི་ལེ120ལྷག་ཙམ་བགྲོད་མཚམས་ལྷ་སྒང་དགོན་དུ་སླེབས། དགོན་པ་འདི་ནི་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་ཁོངས་གཏོགས་ཤར་སྨད་བཞག་བྲ་དཀར་པོའི་མདུན་ཞོལ་དུ་ཡོད། སྲོང་བཙན་སྒམ་པོས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་གི་ཡོངས་རྫོགས་རབ་དགའི་ལྷ་ཁང་ནི་འདི་ཉིད་ཡིན་པར་གྲགས། དེ་ནས་དགོན་ནང་དུ་མཚན་སྙན་རླུང་ལྟར་གྲགས་པའི་ལྷ་སྒང་ཇོ་བོ་མཐོང་བ་དོན་ལྡན་དང་གྲུབ་ཐོབ་མཆོད་རྟེན་ལ་སོགས་མཇལ་དུ་སོང་། ལྷ་སྒང་ཇོ་བོ་ནི་སྔོན་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་ཁྱེར་བའི་ཇོ་བོའི་སྐུ་གསུམ་ལས་ཆེས་སྙན་གྲགས་ཡོད་པའི་རྣམ་འདྲེན་ཤཱཀྱའི་སྐུ་བརྙན་རྩ་ཆེན་ཞིག་ཡིན། དེ་དུས་རྒྱ་བཟའ་ཉིད་ཀྱིས་སྦྱིན་བདག་བྱས་ནས་བཞེངས་མཛད་པའི་མཆོད་རྟེན་ལ་ཉམས་ཉེས་བྱུང་བ་ཕྱིས་ལོ་པཎ་མང་པོས་ཞབས་བཅགས་ཤིང་ཞིག་གསོ་བྱས་ལ། ས་པཎ་གྱི་རྟོགས་བརྗོད་སྐལ་བཟང་ལེགས་ལམ་ལས། ཤིང་འབྲུག་སྟེ་སྤྱི་ལོ1244ལོར་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་སོག་ཡུལ་དུ་ཕེབས་སྐབས་འབའ་ཐང་བརྒྱུད་ལི་ཐང་དང་མདོ་ཁམས་སྒང་དྲུག་གི་ཡ་གྱལ་སྤོ་འབོར་སྒང་བརྒྱུད་ནས་ཉག་ཆུ་བརྒལ། དེ་ནས་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་དུ་ཕེབས་ནས་མཐའ་འདུལ་མཆོད་རྟེན་གྱི་ནང་ཚན་མི་ཉག་མཆོད་རྟེན་ལ་མཆོད་རྟེན་སུམ་བརྒྱས་བསྐོར་བས་མཇལ། བཞག་བྲ་ལྷ་རྩེ་ལ་བསང་མཆོད་ཕུལ་བས་བཞག་བྲ་ལྷ་རྩེས་ཕྱག་འཚལ་ནས་འཕྲིན་ལས་སྒྲུབ་པའི་དམ་བཅའ་མཛད། ཅེས་པ་ས་པཎ་སོག་ཡུལ་དུ་ཕེབས་པའི་ལམ་འཚོལ་ཞེས་ལི་ཐང་རབ་གསལ་བྲིས་པར་འཁོད། །
གནས་ཡིག་ནང་གི་ལྷ་སྒང་།
དེ་ནས་མཐའ་སྐོར་དུ་མ་ཎྀ་དུང་འཁོར་དང་མཆོད་རྟེན་བརྒྱ་རྩ་བརྒྱད་རྣམས་མཇལ་དུ་སོང་བ་ཡིན། མཚམས་འདིར་བརྗོད་བྱ་དང་ཤིན་ཏུ་འབྲེལ་ཆེ་བའི་གནས་ཡིག་རྙིང་པ། གནས་བསྟོད་གཡས་འཁྱིལ་སྐྱེ་ལྔའི་རང་སྒྲ་ངོམས། ཞེས་པ་ལས། ཀུན་བཟང་སྤྲུལ་པ་གཉའ་ཁྲི་ནས་བཟུང་སྟེ༔ ལྷ་རི་སྙན་ཤལ་བར་དུ་ཆོས་མ་དར༔ དེ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་ནས༔ རྒྱལ་རབས་ལྔ་མཐར་འཕགས་པ་སྤྱན་གཟིགས་ཀྱིས༔ འགྲོ་ལ་རྗེས་ཆགས་སྙིང་རྗེའི་བདག་ཉིད་གང༔ ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན༔ ཆོས་ཀྱི་སྲོལ་གཏོད་ལྷ་ས་འཕྲུལ་སྣང་སོགས༔ གཙུག་ལག་ཁང་བརྒྱ་མཐའ་འདུལ་ཡང་འདུལ་བཞེངས༔ རྗེ་བཙུན་ཡིད་བཞིན་འཁོར་ལོའི་ཟློས་པའི་གར༔ བལ་བཟའ་ཁྲི་བཙུན་རིག་མར་མངའ་གསོལ་ཚེ༔ བལ་པོའི་སྐུ་རྟེན་རྣམ་གསུམ་ལྷ་སར་གདན༔ རྗེ་བཙུན་སེང་ལྡེང་ནགས་ཀྱི་ཏཱ་རེ་མའི༔ གསང་གསུམ་སྒྱུ་འཕྲུལ་ས་སྐྱོང་དབང་མོའི་ཚུལ༔ རྒྱ་བཟའ་ཀོང་ཇོ་རྒྱལ་པོའི་བཙུན་མོ་རུ༔ མངའ་གསོལ་ཕུལ་ཚེ་སྔོན་གྱི་སྨོན་ལམ་སྟོབས༔ བོད་དུ་འབྱོན་ཚེ་སྐུ་རྟེན་རྣམ་པ་གསུམ༔ བོད་དུ་ཆས་པའི་ཕེབས་རྫོངས་གནང་བ་ལགས༔ དེ་ནས་ཡར་བྱོན་མདོ་ཁམས་སྒང་དྲུག་ལས༔ ཤར་ཕྱོགས་མི་ཉག་བཱ་ཡི་ལྷ་སྒང་དུ༔ རྒྱ་བཟའ་ཆགས་ཕེབས་བློན་པོ་རྒྱ་ཡུལ་ལུས༔ དེ་ལ་རྗེས་ཆགས་སྔོན་སྦྱངས་ལས་འཕྲོ་དང༔ སྨོན་ལམ་དུས་བབས་རྒྱལ་བས་ལུང་བསྟན་བཞིན༔ མདོ་སྨད་ཕྱོགས་ཀྱི་ཚོགས་བསགས་ཞིང་གྱུར་པ༔ ལྷ་དགའ་རིགས་གསུམ་མགོན་པོའི་གནས་རིའི་ཞོལ༔ ཐུགས་བསྐྱེད་ལས་བྱུང་ལས་བཞིའི་མཆོད་རྟེན་དང༔ བརྒྱ་རྩ་བརྒྱད་ཀྱི་ཐུགས་བསྐྱེད་རྫུ་འཕྲུལ་གྱི༔ སྟོབས་བསྐྲུན་ཇོ་བོ་མཐོང་བ་དོན་ལྡན་ཉིད༔ གནས་འདིར་རྟེན་བཞུགས་བཀྲ་ཤིས་སྨོན་ལམ་མཛད༔ ས་ཡི་བཅུད་དང་ཡུལ་གྱི་ཞིང་མཆོག་ཏུ༔ རྟེན་དང་བརྟེན་པའི་ལྷ་ཚོགས་ལྷུན་གྱིས་གྲུབ༔ བྱིན་རླབས་མཆོག་གིས་མེ་ཏོག་འཐོར་ནས་བཞག༔ མཐོང་བ་དོན་ལྡན་རྟེན་དང་བརྟེན་པ་ཀུན༔ དད་པའི་སེམས་ཀྱིས་ཕྱག་དང་བསྐོར་བར་བྱོས༔ རྒྱ་གར་གྲུབ་ཆེན་ཧཱུཾ་ཆེན་ཀ་ར་ཡི༔ སྤྲུལ་པ་ཁྱད་འཕགས་གནས་འདིར་དངོས་བྱོན་ནས༔ རྫུ་འཕྲུལ་དབང་གིས་སྒྲུབ་པའི་ཏིང་འཛིན་གྱིས༔ གྲུབ་པའི་དབང་གིས་རང་བྱུང་མཆོད་རྟེན་བཞེངས༔ ཡི་དམ་ལྷ་ཡིས་དངོས་སུ་བྱིན་གྱིས་རླབས༔ མ་དང་མཁའ་འགྲོས་མཆོད་བསྟོད་གཟེངས་བསྟོད་པའི༔ གྲུབ་ཐོབ་མཆོད་རྟེན་ཞེད་པའི་མཚན་ཡང་བྱུང༔ དབུས་ཀྱི་མཆོད་རྟེན་ཡིད་བཞིན་ནོར་བུའི་ཁང༔ གྲུབ་པའི་དབང་པོས་སྦས་པའི་སྐུ་གསུང་ཐུགས༔ གཏེར་རྫས་བྱང་སེམས་རྣམས་ཀྱི་ཐུགས་བསྐྱེད་ལས༔ བྱུང་བའི་རྟེན་གྱི་ཕྱུར་བུར་གཏམས་པ་ལ༔ ཕྱག་མཆོད་སྐོར་བ་སྨོན་ལམ་ལེགས་བཏབ་མཐུས༔ སྐྱེ་རྒྱུའི་མི་མཐུན་རྒུད་པ་སེལ་བ་ལ༔ འདོད་དོན་ལྷུན་གྲུབ་དཔག་བསམ་ཤིང་དང་འགྲན༔ དེ་མིན་མཆོད་རྟེན་བརྒྱ་རྩ་བརྒྱད་པོ་རྣམས༔ རྒྱ་བཟས་ཕྱག་བཏབ་རྒྱ་བོད་པཎ་གྲུབ་ཚོས༔ ཞིག་གསོ་ཕྱག་གིས་མེ་ཏོག་རབ་གནས་བྱས༔ བྱང་སེམས་ཐོབ་པ་རྣམས་ཀྱིས་བྱིན་དབབ་ཅིང་༔ རེ་རེ་ལའང་བུམ་གཏེར་རྫས་གཏེར་དང་༔ དུས་ཀྱི་རྒུད་པ་སེལ་བའི་ཟུང་འཇུག་ཡོད༔ རང་རང་སོ་སོའི་ཕན་ཡོན་བརྗོད་མི་ལངས༔ ཞེས་འབྱུང་བས་སོ། །
ལྷ་སྒང་གི་ས་མིང་ལ་དཔྱད་པ།
དེ་ལྟར་གོང་དུ་དྲངས་མ་ཐག་པའི་ལུང་འདི་ཉིད་ལས་གསལ་བ་བཞིན་རྒྱ་བཟའ་ཀོང་ཇོའི་སྐུ་རིང་ལ་ཇོ་བོ་མཐོང་བ་དོན་ལྡན་དཔལ་ལྷ་སྒང་དུ་བཞུགས་སུ་གསོལ་པའི་ལོ་རྒྱུས་གཞིར་བཞག་བྱ་དགོས་པ་སྨོས་མེད་ཐོག །དེ་ལས་མི་རིགས་གཞན་རྣམས་ཀྱིས་གཙིགས་མཐོང་ཆེར་མཛད་པ་ཅི་ནས་ཀྱང་དོ་གལ་བགྱིད་འོས་པ་ཞིག་ཡིན་ལ། ལོ་ཟླའི་འཕོ་འགྱུར་བྱུང་བ་དང་བསྟུན་ནས་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་ཀྱང་ངོ་མཚར་ཆེ་བའི་ངང་མཉམ་འདྲེས་ཐུབ་པ་དང་། རྒྱ་བོད་མི་རིགས་མཐུན་སྒྲིལ་གྱི་མཚོན་བྱེད་མངོན་རྟགས་འཁྲུལ་མེད་ཅིག་ཡིན་ལ། རྒྱ་བོད་ཆོས་ལུགས་ཀྱི་རིག་གནས་སྤེལ་རེས་ཀྱི་དཔང་རྟགས་ཀྱང་ཡིན། དེས་མེས་རྒྱལ་གཅིག་གྱུར་དང་། རྒྱ་བོད་མི་རིགས་མཐུན་སྒྲིལ། རྒྱ་བོད་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་གསལ་པོར་ཤེས་ནུས་སོ། །དེང་གི་ཆ་ལའང་དཔྱད་པའི་སྒོ་ཡངས་པོར་ཕྱེས་ནས་བལྟས་ན་རྒྱལ་ཁབ་ཀྱི་རིག་དངོས་བདག་གཉེར་བྱེད་ཐབས་ཀྱི་སྒྲིག་སྲོལ་སྔར་ལས་ལྷག་པ་གཏན་འབེབས་བྱས་དང་བྱེད་བཞིན་པ་ལྟར་ང་ཚོས་ཀྱང་ཡུལ་སྐོར་སྤྲོ་སྐྱོད་དང་ཆོས་དད་མང་ཚོགས་ཀྱི་དགོས་མཁོ་བསྐངས་པ་ཙམ་མ་ཡིན་པ། འགྲོ་བ་མིའི་རིག་གནས་དང་རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་ཡང་ཉིང་དགོས་སོ། །
གནས་ཡིག་རྙིང་པ་རྣམས་སུ་དཔལ་ལྷ་སྒང་ལ་བཱ་ལྷ་སྒང་དང་། བྷ་ལྷ་སྒང། ཞེས་ཟེར་བ་དཔེར་ན། མི་ཉག་བྷ་ལྷ་སྒང་གི་གནས་སྟོད་དུང་དཀར་སྐྱེ་བ་ལྔ་པའི་རང་སྒྲ་དད་པའི་འཁྲི་ཤིང་འོད་ཀྱི་ཟླ་ཞུན་འདི་རྩ་གསུམ་ལྷ་དང་གནས་སྲུང་བཞག་བྲག་ལྷ་རྩེ། ཞེས་པ་ལྟ་བུ། དེས་ན་དེང་གི་དཔལ་ལྷ་སྒང་ཞེས་པའི་དཔལ་ནི་གཟི་བརྗིད་དང་ཕུན་སུམ་ཚོགས་པའི་དོན་ཡོད་པས་ཕྱིས་སུ་རྗེས་གྲུབ་ཀྱི་དོན་དུ་སྦྱར་བ་འདྲ། ཡང་ལྷ་སྒང་། ཞེས་ཟེར་བ་ལ་འབྲི་ཚུལ་མི་འདྲ་བ་ལྷ་དགའ་ཞེས་ཟེར་ཏེ། གནས་དེར་ལྷ་ཡིས་བྱིན་ལྟར་ཁྱད་འཕགས་པས། མཚོ་ལུང་གྱུར་ཏེ་ལྷ་ལུང་ཞེས་བྱར་གྲགས། དེ་ནས་ལྷ་རྣམས་ནམ་མཁའི་འཇའ་སྤྲིན་ཀློང་། བྱོན་ཞིང་རབ་ཏུ་དགའ་འོ་ཞེས་པས། ལྷ་ལུང་རབ་དགའ་ཞེས་བྱ་མཚན་ཡང་བྱུང་། དེས་ན་དེང་གི་ལྷ་སྒང་ཞེས་པའི་མིང་ལ་སྐད་ཀྱི་ཟུར་ཆགས་པར་སྙམ། བཞག་བྲའིི་མིང་ལའང་། བཞག་བྲག་ལྷ་རི། བཞག་ར་ལྷ་རྩེ། ཞྭགས་ར་ལྷ་རྩེ། བྲག་ཁྲ་དཀར་པོ། ཞེས་སོགས་འབྲི་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་ཡོད།སྤྱིར་བཞག་བྲ་ཟེར་བ་ནི་ཤར་སྟོད་ཨ་མྱེ་རྨ་ཆེན་ཡུལ་འདིར་ཕེབས་སྐབས་མི་ཉག་ཕྱོགས་ཀྱི་གཞི་བདག་ཚོས་ཁྱེད་ཀྱི་བུ་འདི། ཡུལ་འདིར་རྟེན་སྐལ་དུ་བཞག་ན་བཞག་བྲ་དང་མི་བྲ་ཞེས་ཞུ་བ་ཕུལ་སྐབས་རྨ་རྒྱལ་སྤོམ་རས་ངའི་བུ་འདི་བཞག་བྲ་ཞེས་མིང་བཏགས་སོ། །བྲག་ཁྲ་དཀར་མོ། ཞེས་པ་སྟེ། མདོ་སྨད་ཚ་ཞེས་བྱ་བའི་ཉེ་འདབས་སུ༔ ཤར་ལུང་བྲག་ཁྲ་དཀར་པོའི་མདུན་རྒྱུད་དུ༔ སྔོན་ཚེ་རྒྱ་གར་རྡོ་རྗེ་གདན་ཉིད་ཀྱིས༔ དུས་མཉམ་ཉིད་དུ་རྒྱལ་བའི་གཟིས་པའི་གནས༔ མཚོ་ལུང་ཞེས་བྱ་ཆུ་བོ་དུ་མའི་བཅུད༔ རང་བྱུང་དྲི་མེད་མཚོ་ཞེས་བྱ་བ་ན༔ ཞེས་པའི་ཚིག་དུམ་ལས། སྔ་མོའི་དུས་སུ་བཞག་བྲ་ལ་བྲག་ཁྲ་དཀར་པོ་དང་བཞག་བྲ་ཉེ་འདབས་ཀྱི་ལུང་པ་མཚོ་ཡིས་གང་བ་མིང་ཡང་མཚོ་ལུང་ཞེས་ཐོགས་ལ་དེང་སང་ཡང་མཚོ་བསྐམ་ཤུལ་གྱི་མཚོ་མིག་རེད་ཟེར་བ་མང་པོ་མཇལ་རྒྱུ་ཡོད།།
༼ ཀརྨ་རྒྱལ་མཚན་གྱིས་བསྡུས། ༽
རྩོམ་གསར། 10