དགེ་བཤེས་ཚེ་དབང་རྒྱལ་མཚན། ཧི་མ་ལ་ཡའི་བོན། 2015-09-08
རྦ་མདའ་དགོན་པའི་ལོ་རྒྱུས་སྙིང་བསྡུས།
རྦ་མདའ་དགོན་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི(༡༣༢༧)སྟོད། རབ་བྱུང་དྲུག་པའི་ནང་དུ་རྒྱ་མདའི་རི་ནང་བླ་མས་ཁམས་བྱང་བྲག་མགོ་རྫོང་སྙི་ཁོག་ཏུ་ཕྱག་བཏབ་པ་ཞིག་ཡིན། དགོན་འདི་ལ་རྦ་མདའ་དགོན་ཞེས་མིང་ཐོག་ཚུལ་ཐད་བཤད་སྒྲོས་མི་འདྲ་བ་ཆེས་མང་ཡང་། དོན་དང་མཐུན་པ་ནི་དགོན་པའི་ཉེ་འདབས་སུ་ཡོད་པའི་རྦ་མདའ་སྡེ་བའི་མིང་དེ་དགོན་པར་ཐོག་པ་ཡིན་ལ། དཔྱད་གཞི་དང་བརྒྱུད་རིམ་ཆེས་རིང་བ་ཞིག་ལ་ནམ་རྒྱུན་ཡོངས་གྲགས་ལྟར་ན་ཆུ་རུལ་ཁོག་ཏུ་ཕྱི་ལོའི་ཡར་སྔོན་ནས་དབེན་དགོན་ཞིག་ཡོད་སྐད་དེ་ནི་དགོན་ཆེན་ཞིག་སྟེ་དགོན་དེའི་ཡན་ལག་ཚུལ་དུ་རི་ཁྲོད་ཆེས་མང་བར་བཞེད་རེ་འགའི་མིང་ཞིག་བགྲང་ན། ཁོག་མ་ནང་གི་རི་ཁྲོད་དང་། གུག་རྗེས་རིག་ནང་གི་རི་ཁྲོད། མཛོད་མོ་ཧས་ཀྱི་རི་ཁྲོད། རྦ་སྒོའི་རི་ཁྲོད། གྲིམ་འབར་རི་ཁྲོད། སྟག་ལའི་གདོང་གི་རི་ཁྲོད་བཅས་དགོན་དེའི་དགོན་ལག་ཚུལ་དུ་ཡོད་ཅིང་འཚོགས་དང་དུས་ཆེན་རིགས་ལ་དགོན་དེར་མཉམ་མཛོམས་བྱེད་སྲོལ་ཡོད་པར་བཞེད། འོན་ཀྱང་ད་སྐབས་ཆུ་རུལ་དགོན་དང་རི་ཁྲོད་དེ་དག་གི་ཁང་ཤུལ་ཙམ་ལས་བརྟན་པར་བཞུགས་པ་གཅིག་ཀྱང་མེད་པར་གྱུར་ཟིན། དེ་ལྟར་ཡུལ་གནས་དེར་བསྟན་པ་ཉམས་གུད་དུས་ཡུན་རིང་པོ་ཕྱིན་རྗེས་རབ་བྱུང་དྲུག་པའི་ནང་དུ་གྲུབ་ཆེན་རྒྱ་མདའི་རི་ནང་བླ་མས་དགོན་གནས་རྗེས་ཏེ་སྤང་འབར་རྒྱབ་ཏུ་རྦ་མདའ་དགོན་པ་ཕྱག་བཏབ་པ་ཞིག་ཡིན། དེ་ནས་རིམ་བཞིན་གནས་ཁོག་དང་བདེ་ཆེན་རིའི་པང་དུ་གནས་སྤོས་མྱོང་བ་ཞིག་ཡིན།
དགོན་འདིར་བྱོན་པའི་སྐྱེས་ཆེན་ནི་སྔར་བྱོན་གྱི་བླ་མ་དང་གྲུབ་ཆེན་སོགས་གསལ་བོར་འཁོད་ཐུབ་མ་བྱུང་ཡང་། བོན་གྱི་འཇའ་ལུས་འཕོ་ཆེན་ཉེར་དྲུག་གི་(འཇའ་ལུས་འཕོ་ཆེན་ཉེར་དྲུག་ཟེར་བ་ནི། ཡོངས་སུ་གྲགས་པའི་འཕོ་ཆེན་ཉེར་བཞི་དང་ཤར་རྫའི་འཇའ་ལུས་ཡུབ་སྲས་གཉིས་རྩིས་བསྣོན་ཞུས་པར་གོ།)ཁོངས་སུ་གཏོགས་པའི་ཀུན་བཟང་ནམ་མཁའི་སྙིང་པོའམ་དབྲ་སྲས་ཟླ་བ་གྲགས་པ་མཆོག་གནས་འདིར་བྱོན་ཏེ་ཕྱི་ལོ(༡༩༡༢)ལོར་རྦ་མདའ་དགོན་པ་བདེ་ཆེན་རིའི་པང་དུ་གནས་སྤོས་མཛད་དེ་རྦ་མདའ་བདེ་ཆེན་བསམ་གཏན་སྨིན་གྲོལ་གླིང་ཞེས་མཚན་གསོལ་ཏེ་འདུ་ཁང་དང་གཟིམ་ཤག་བཅས་སྐྱར་བཞེངས་མཛད་ཅིང་། བླ་མེད་རྫོགས་ཆེན་གྱི་སྒོམ་སྒྲུབ་ཀྱི་སྲོལ་ཆེན་བཙུགས་རྗེས་དབེན་གནས་འདི་ནས་ཕྱི་ལོ(༡༩༣༥)ལོར་འཇའ་སྐུར་གྲོལ་ཏེ་བྲག་མགོ་རྫོང་ཙམ་མ་ཟད་འཛམ་གླིང་གོ་ལ་འདིའི་སྒང་དུ་མཚན་སྙན་འབུར་བའི་གནས་མཆོག་ཅིག་ཏུ་གྱུར། དེའི་རྗེས་སུ་བླ་མ་ཚུལ་ཁྲིམས་འོད་ཟེར་མཆོག་གིས་དགོན་འདིའི་བསྟན་པའི་མཛད་འགན་བཞེས། ཕྱི་ལོ(༡༩༨༨)ལོར་བྲག་མགོ་རྫོང་མི་དམངས་སྲིད་གཞུང་གིས་དགོན་པའི་འདུ་ཁང་སླར་ཡང་གསར་བཞེངས་ཀྱི་ཆོག་མཆན་ཐོབ་པར་བརྟེན། སྤྲུལ་ནམ་མཁའ་འོད་ཟེར་མཆོག་གཙོས། བླ་མ་འཇམ་དཔལ་རྒྱ་མཚོ་དང་། ཚེ་དབང་མགོན་པོ། སྐལ་བཟང་ཕུན་ཚོགས། སྐལ་བཟང་དར་རྒྱས། ཚེ་དབང་སྐྱབས་བཅས་ཀྱི་ཐུགས་འགན་བཞེས་ཐོག དད་ལྡན་ལྷ་སྡེ་རྣམས་ཀྱིས་ཕྱར་བ་གྲུ་འདེགས་མཛད་དེ། ཚོགས་ཁང་དང་། ཇ་ཁང་། ནང་རྟེན་དུ་རྣམ་པར་རྒྱལ་བའི་སྐུ་དང་། བདེར་གཤེགས་གཙོ་བཞི། རྒྱལ་བའི་བཀའ་འགྱུར་དང་། དགོན་འདིའི་ཁྲི་རབས་གཉིས་པ་དབྲ་སྲས་ཟླ་བ་གྲགས་པ་མཆོག་དང་། ཁྲི་རབས་གསུམ་པ་བླ་མ་ཚུལ་ཁྲིམས་འོད་ཟེར་གཉིས་ཀྱི་སྐུ་གདུང་བཅས་གསར་བཞེངས་གནང་། དགོན་འདི་ན་ད་ལྟའི་ཆར་བླ་གྲྭ་ལྔ་བཅུ་ལྷག་ཙམ་ཡོད་ལ། དུས་མཆོད་གཙོ་གྲས་ནི་བོད་ཟླ་དང་པོའི་ནང་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མོ་བོ་མཆོག་གི་འཁྲུངས་མཆོད་དང་། ལྔ་པའི་ནང་སྨྱུང་གནས་དང་། དྲུག་པའི་ནང་དཀའ་ཐུབ་(དབྱར་གནས།)དང་། བཅུ་གཅིག་པའི་ནང་ཨ་དཀར་བུམ་སྒྲུབ་ཆེན་མོ། བཅུ་གཉིས་པའི་ནང་གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་དགུ་གཏོར་སོགས་དུས་རྒྱུན་གཏན་ཁེལ་འཚོགས་མུས་དང་། ད་སྐབས་དགོན་འདིའི་བསྟན་སྲིད་ཀྱི་གཙོ་འགན་ནི་༸ཁྲི་རབས་བཞི་པ་མཆོག་སྤྲུལ་ནམ་མཁའ་འོད་ཟེར་ལགས་ཀྱིས་ཁུར་དུ་བཞེས་ཡོད་ལ། འདིར་གནས་རི་ནི་ཁྱུང་རྫོང་གཡུང་དྲུང་རིན་ཆེན་སྤུངས་པའི་གནས་དེ། རྦ་མདའ་དགོན་གྱི་རྒྱབ་རི་ཡིན་ལ། ཐོག་མར་བྱ་བཏང་ཚེ་དབང་འགྱུར་མེད་རིན་པོ་ཆེས་ལྕགས་མོ་ཡོས་ཀྱི་ལོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་དྲན་པ་ཡབ་སྲས་ཀྱིས་གནས་ལ་བྱིན་གྱིས་བརླབས་ཏེ་གནས་སྒོ་ཕྱེ་བ་ཞིག་ཡིན། མཐའ་སྐོར་དུ་གྲུབ་ཆེན་མང་པོའི་ཕྱག་རྗེས་དང་ཞབས་རྗེས་སོགས་གང་མང་ད་སྐབས་དངོས་སུ་མཇལ་རྒྱུ་བཞུགས་པར་མ་ཟད། བོན་སྐྱོང་སྲུང་མའི་ཚོགས་ཀྱི་སྲོག་ཡིག་རང་བྱུང་སོགས་གནས་རིའི་ཕྱོགས་སོ་སོར་དད་རྟེན་དུ་བཞུགས་ཤིང་གནས་གཞན་ལས་ཁྱད་དུ་འཕགས་པའི་གནས་རི་ཞིག་ཏུ་མངོན།
དགོན་འདིའི་ཆགས་གནས་ནི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ནང་ཚན་ཁམས་ཡུལ། ཤར་དུ་རྟའུ་དང་། ལྷོར་ཉག་རོང་། ནུབ་དུ་དཀར་མཛེས། བྱང་དུ་གསེར་རྟ་བཅས་ཀྱི་དབུས་སུ་འགྱིངས་བའི་ཡུལ་བྲག་མགོ་རྫོང་སྙི་པ་ཡུལ་ཚོའི་ཁོངས་དང་། རྫོང་ཐོག་ནས་གསེར་རྟ་རྒྱུད་ལམ་སྙི་ཁོག་ཏུ་ཡར་སྤྱི་ལེ(༢༣)ཕྱིན་མཚམས་སུ་ཡོད། རྒྱ་མཚོའི་ངོས་ནས་མཐོ་ཚད་ལ་རྨིད་(༣༡༦༠)ཡིན་པར་བཞེད།
ཅེས་རྦ་མདའ་དགོན་གྱི་ལོ་རྒྱུས་སྙིང་བསྡུས་ཤིག་རྫོང་མི་དམངས་ཆོས་ལུགས་ཅུས་ཀྱི་མི་སྣ་ཁ་ཤས་ཀྱིས་དགོས་སྐུལ་དང་བསྟུན་དགེ་བཤེས་ཚེ་དབང་རྒྱལ་མཚན་གྱིས་བྲིས་པ་དགེའོ།། །།
རྩོམ་གསར། 10