མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དགེ་རྒན་ཚེ་བརྟན་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད།

        2023-07-21

སྨྱུག་རྩལ་བྲིས་ལ་བྱང་བའི་ཡིག་མཁན་ཞིག། སློབ་མ་སྐྱོང་ལ་མཁས་པའི་དགེ་རྒན་ཞིག། 

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དགེ་རྒན་ཚེ་བརྟན་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད།

བོད་ཀྱི་ཡུལ་ཁམས་འདིར་ལོ་ངོ་བཞི་སྟོང་ལྷག་གི་གོང་རོལ་ནས་བོད་ཡིག་བྲིས་གཟུགས་ཀྱི་བསྟན་པ་དར་ཞིང་། སྔོན་བྱོན་མེས་པོ་ཡིག་མཁན་གང་མང་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་བྱུང་སྟེ་སྟག་གཟིག་སྤུངས་ཡིག་དང་། ཀོང་ཙེ་འཕྲུལ་ཡིག། སྨར་ཆེ་དང་སྨར་ཆུང་། གཟུ་ཡིག་དང་ལྷ་བབ་ཡི་གེ་སོགས་བོད་རང་གི་ཡི་གེ་བྲིས་གཟུགས་སུ་ཕབ་ནས་བྲིས་རྒྱུན་གྱི་སྲོལ་བྱུང་ཡོད་ལ། དེ་ནས་རིམ་བཞིན་བོད་ཆེན་པོའི་སྐབས་སུ་ཡིག་གཟུགས་ལ་འགྱུར་བ་ཆེན་པོ་བརྒྱད་བཏང་བ་དང་བསྟན་པ་ཕྱི་དར་ཀྱི་སྐབས་སུ་རྗེ་ས་པཎ་དང་འགྲོ་མགོན་ཆོས་འཕགས། ཁྱུང་པོ་གཡུ་ཁྲི་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གསེར་གནག་གི་ཕ་བོང་ལྟ་བུ་དག་གིས་བོད་ཀྱི་ཡིག་གཟུགས་ཀྱི་རྒྱུན་ལེགས་པར་མཐུད་དེ་དུས་རབས་འདིར་སླེབས། ཁྱད་པར་དུ་ཁྱུང་པོ་གཡུ་ཁྲི་མཆོག་གིས་མཎྜལ་བཞེངས་པའི་ཐབས་དང་དཀྱིལ་འཁོར་གྱི་ཐིག་ཚད་འགོད་སྟངས་ལྟར་མགོ་ག་ནས་འཛུགས་དགོས་པ་དང་། མཇུག་ཇི་ལྟར་བསྡུ་དགོས་མིན། གཟུགས་ཆེ་ཆུང་། རྐང་པ་ཕྲ་སྦོམ། ཡི་གེ་སོ་སོ་ལ་ཆ་ཆེན་དང་ཆ་ཆུང་གི་རེའུ་མིག་བཟོས་ནས་ཡི་གེའི་མགོ་དང་སྐེད། ལུས། རྐང་བ། མགོ་འདོགས་སོགས་ཐིག་གང་དང་གང་ལ་འབབ་པ་གཞིར་བཟུང་ནས་འབྲི་དགོས་པ་སོགས་འབྲི་སྟངས་ཞིབ་མོ་ཆ་ཚང་ཚད་དང་ལྡན་པར་བཟོས་ནས་གཏན་ལ་ཕབ་པས། དེ་ཁྱུང་བྲིས་ཞེས་གྲགས་ཤིང་ཀུན་གྱིས་ཁས་ལེན་པའི་བྲིས་རྒྱུན་དེ་བྱུང་། དུས་དེ་ནས་བཟུང་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་མེད། ཉེ་རབས་ཀྱི་བྲིས་པ་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། མཁས་དབང་ཚེ་ཏན་ཞབས་དྲུང་། ཨ་མདོའི་བྲིས་པ་སྨོན་ལམ་རྒྱ་མཚོ། ཁམས་ཀྱི་བྲིས་པ་བསོད་ནམས་རྒྱ་མཚོ་སོགས་དུས་རབས་འདིའི་ཁུག་སོ་ནས་བོད་མདོ་དབུས་ཁམས་གསུམ་དུ་ཕྱག་སོར་གྱི་སྨྱུ་གུས་ལྡེམ་མྱུར་གྱི་འཁྱུག་རྩལ་ངོམ་པའི་ཡིག་མཁན་གང་མང་མང་ཞིག་གཅིག་རྗེས་གཉིས་མཐུད་དེ་བྱུང་ཡོད་པར་མ་ཟད། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འཇོན་ན།། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།། ཞེས་པ་དང་། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་ཞེས་བྲིས་གཟུགས་ལག་རྩལ་ལ་དཔེ་མི་སྲིད་པའི་མཐོང་ཆེན་གནང་སྟེ་བོད་རང་གི་བྲིས་གཟུགས་ཀྱི་རྒྱུན་ལེགས་པར་མུ་རུ་བསྲིངས་ཤིང་སྔར་མེད་ཀྱི་བྲིས་གཟུགས་མང་པོ་གསར་དུ་བཏོད་ལ། བྲིས་དཔེ་པོ་ཏི་མང་པོ་ཕྱི་རབས་གངས་ཅན་ཕོ་མོའི་བགོ་སྐལ་དུ་བཞག་ཡོད་པ་ནི་གྲངས་ཀྱིས་ག་ལ་ཟིན།བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གཉེར་བ་རྣམས་ཀྱིས་ཡིག་གཟུགས་ལ་མཐོང་ཆེན་བྱས་ནས་ཆུང་ནས་ཡིག་གཟུགས་སྦྱོང་བའི་གོམས་སྲོལ་སྔར་ནས་ཡོད་པ་ཡིན། དུས་རབས་གསར་པ་ཤར་བ་ནས་བཟུང་དགོན་སྡེ་དང་སློབ་གྲྭ་ཁག་ནས་སྔར་ལྟར་བོད་ཡིག་གི་བྲིས་གཟུགས་ལ་མཐོང་ཆེན་གནང་ནས་བྲིས་ཀྱི་ལག་རྩལ་བཟང་པོའི་རྒྱུན་ལེགས་པར་བསྐྱངས་པས་མ་ཚད། བྲིས་ཀྱི་བརྩམས་ཆོས་མང་པོ་འཛམ་གླིང་ལྗེ་ནི་སིའི་ཟིན་ཐོར་ཚུད་པ་དང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པ་སོགས་བོད་ཡིག་གི་བྲིས་གཟུགས་ལ་སྔར་མེད་ཀྱི་སྟེགས་བུ་མང་པོ་བྱུང་ནས་བོད་ཡིག་བྲིས་གཟུགས་འཕེལ་རྒྱས་ཐད་ལ་སྔར་མེད་པའི་མཐུན་རྐྱེན་བླ་མེད་འཛོམས།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དགེ་རྒན་ཚེ་བརྟན་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད།

སློབ་མར་བྲིས་གཟུགས་འཁྲིད་བཞིན་པའི་ཚུལ།


ཉེ་རབས་གཞོན་སྐྱེས་ཁྲོད་དུ་བྲིས་ཀྱི་བྱང་ཆ་དང་བྲིས་ཀྱི་རྒྱུན། བྲིས་ཀྱི་མཛེས་ཆ། བྲིས་ཀྱི་ཆ་ཚད་སོགས་ཚད་ལྡན་གྱི་བྲིས་པ་ཞིག་འཚོལ་དགོས་ཚེ། མཛུབ་མོ་ནང་འགུག་གིས་བགྲང་དུ་རུང་བ་ནི་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་བོད་སྐད་ཡིག་དགེ་རྒན་ཚེ་བརྟན་དོན་གྲུབ་ཞུ་བ་ཁོང་རེད།

ཁོང་ནི་སྤྱི་ལོ1981ལོའི་ཟླ6པར་མདོ་སྨད་མཚོ་སྔོན་ས་ཆའི་ཞུན་ཧྭ་རྫོང་ཀ་རིང་ཡུལ་ཚོའི་ལ་ལུང་ཁ་སྡེ་བར་སྐྱེས་ཤིང་། རང་ལོ་བདུན་ལ་སླེབས་སྐབས་ཐོག་མར་རང་ཡུལ་གྱི་གྱེར་ཐང་སློབ་ཆུང་གི་སྒོ་ཐེམ་སྙེག་པའི་བསྐལ་བ་བཟང་པོ་ཐོབ་ནས་དཔེ་ཁུག་ཆུང་ཆུང་དང་དཔེ་དེབ་བཟང་པོ་གྲོགས་སུ་བརྟེན་ནས་མི་ཚེ་མཚར་སྡུག་གི་ཤེས་བྱའི་ཕུགས་འདུན་བཟང་པོ་ཞིག་ལ་བརྩོན་ལེན་བྱ་རྒྱུའི་མགོ་ལེགས་པར་ཚུགས། སློབ་ཆུང་འདི་ག་ནས་རྒན་བཀྲ་ཤིས་དོན་འགྲུབ་དང་རྒན་པ་དྲུག། རྒན་སྐལ་བཟང་རྒྱལ་སོགས་ཀྱི་མདུན་ནས་བོད་ཡིག་དང་རྩིས་རིག་སོགས་ཀྱི་ཕྱོགས་ལ་ཐོག་མར་སྦྱོང་འགོ་བརྩམས་ཤིང་། སྐབས་དེའི་དགེ་རྒན་ཚོའི་ཡིག་གཟུགས་ཀྱིས་རྣམ་རིག་གསལ་ཞིང་སྤྱང་གྲུང་གཉིས་འཛོམས་ཀྱི་སློབ་བུ་ཆུང་ཆུང་ཁོང་ལ་བག་ཆགས་ཟབ་མོ་ཐེབས་པས་དུས་དེ་ནས་བཟུང་ཡིག་གཟུགས་ལ་དགའ་བའི་འདུན་པ་དྲག་པོ་ཀུན་ནས་བསླངས་ཤིང་། དགེ་རྒན་སྐུ་དྲིན་ཅན་དེ་དག་གི་སྐུ་དྲུང་ནས་འབྲི་ཀློག་སྦྱོར་གསུམ་གྱི་རྨང་གཞི་བཟང་པོ་བཞག།

སློབ་ཆུང་ནས་མཐར་ཕྱིན་རྗེས་ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་དུ་འགྲིམས་ནས་རིམ་བཞིན་རྒན་གུ་རུ་དང་།རྒན་ཀླུ་རྒྱལ།རྒན་བསྟན་པ།རྒན་མཁའ་འགྲོ་ཚེ་རིང་སོགས་ཀྱི་མདུན་ནས་བོད་རྒྱ་རྩིས་གསུམ་ལ་འབད་དེ་རིམ་བཞིན་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། སློབ་ཆེན་དེ་ག་ནས་རྒན་དོན་གྲུབ་ཚེ་རིང་དང་རྒན་རྒྱ་ཡེ་བཀྲ་བྷོ། རྒན་ལྕགས་བྷེ་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། སྙན་ངག། སྐར་རྩིས། ལོ་ཙཱ་སོགས་སྦྱངས་པར་མ་ཟད། བོད་ཡིག་ལ་དགའ་ཞིང་བོད་ཀྱི་ཡིག་གཟུགས་ལ་དུངས་པའི་འདུན་པ་དྲག་པོ་མ་དོར་བར་བོད་ཀྱི་ཡིག་མཁན་ཆེན་མོ་རྒན་དོན་གྲུབ་ཚེ་རིང་མཆོག་བྲིས་ཀྱི་དགེ་རྒན་དུ་བསྟེན་ནས་ཁོང་གི་སྐུ་མདུན་ནས་དམིགས་བསལ་གྱིས་བྲིས་རྒྱུན་ལེགས་པོ་སྦྱང་རྒྱུའི་གོ་སྐབས་ཐོབ་པས་བྲིས་དཀར་ནག་གཉིས་ལ་སྦྱང་བ་གནད་དུ་སྨིན་པ་བྱས་ཏེ། སྐབས་དེའི་ཡིག་དཀར་ནག་གི་བྲིས་གཟུགས་ལ་དགེ་རྒན་རྣམས་ཀྱིས་བསྟོད་བསྔགས་མེ་ཏོག་གཏོར་སའི་ཡུལ་ཁྱད་པར་ཅན་ཞིག་ཏུ་གྱུར། དེ་ནས་རིམ་བཞིན་ད་ལྟའི་བར་སྦྱང་བརྩོན་གྱི་སྤོབས་པ་ལྷོད་མ་མྱོང་།

སློབ་ཆེན་ནས་མཐར་ཕྱིན་རྗེས་ཐོག་མར་དཔའ་ལུང་རྫོང་གི་སྟག་ལུང་ས་ཆ་དང་གསེར་གཞུང་ས་ཆ་ནས་དགེ་རྒན་གྱི་མཛད་འཕྲིན་བཟང་པོ་གཉེར་བའི་འགོ་ལེགས་པར་བརྩམས་ཤིང་། སྤྱི་ལོ2011ལོ་ནས་ཁམས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭར་ཕེབས་ནས་དགེ་རྒན་གྱི་མཛད་པ་བཟང་པོའི་འཕྲོ་བསྐྱངས།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དགེ་རྒན་ཚེ་བརྟན་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད།

དར་མདོ་གྲོང་ཁྱེར་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་འདི་ག་ནས་དམའ་འབྲིང་དགེ་རྒན་ཞིག་གི་ལས་འགན་ལྷུར་བླངས་པ་ནས་བཟུང་ནངས་ཐོ་རངས་སྐར་ཆེན་གྱིས་ཞྭ་བྱས། དགོང་གངས་འཁྱག་བ་མོས་ལྷམ་བྱས་ནས་ལོ་དགུའི་ཞག་སྡོད་ལམ་ལུགས་ཀྱི་འབྲོག་ཁུལ་སློབ་གྲྭ་འདི་ནས་རང་ནུས་ཅི་ལྕོགས་ཀྱིས་མི་རིགས་སློབ་གསོའི་བྱ་བར་འབད་པས། ཁོང་གིས་བསྐྱངས་དང་སྐྱོང་བཞིན་པའི་སློབ་མ་ཚོས་ད་ལྟའི་བར་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རྒྱུགས་ཁྲོད་དུ་ཁུལ་ཡོངས་ཀྱི་བོད་ཡིག་གི་སྦྱངས་འབྲས་ཨང་དང་པོ་གཉིས་དང་ཨང་གཉིས་པ་གཅིག་བླངས་མྱོང་བར་མ་ཟད། དམའ་འབྲིང་རིམ་པའི་ཁུལ་གཅིག་གྱུར་གྱི་རྒྱུགས་དང་རྫོང་རིམ་པའི་གཅིག་གྱུར་གྱི་རྒྱུགས་གཞི་ཁྲོད་ནས་ཨང་དང་པོ་དང་གཉིས་པའི་མན་ལ་ལྷུང་མ་མྱོང་བས་རྒྱུགས་འབྲས་ཕུན་སུམ་ཚོགས་པོ་བླངས་དང་ལེན་བཞིན་ཡོད། བཅར་འདྲིའི་ཁྲོད་ཁོང་གིས་སྐད་ཆ་འདྲི་འདྲ་ཞིག་གསུངས། རང་ལ་མཚོན་ན་མི་ཚེའི་ལག་རྗེས་ཤིག་གླེང་རིན་རྩ་བ་ནས་མེད་མོད། ཡིན་ཡང་། དམའ་འབྲིང་དགེ་རྒན་ཞིག་གི་ངོས་ནས་ལོ་འདི་དག་གི་རིང་ལ་རང་ཉིད་ཀྱིས་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་ངང་ནས་སློབ་མ་ལྔ་བརྒྱ་ལྷག་བསྐྱངས་ཤིང་། སློབ་མ་དེ་དག་སྐྱོང་པའི་གོ་རིམ་ཁྲོད་དགེ་རྒན་ཞིག་གི་འགན་ཁུར་མ་བརྗེད་པར་སློབ་བུ་དག་རང་གི་བུ་ཕྲུག་བཞིན་དུ་ནམ་ཡང་སེམས་ནས་མ་བོར་བར་ཁོ་ཚོའི་མ་འོངས་པའི་མི་ཚེའི་ཆེད་དུ་དཀའ་སྡུག་གཞན་གྱིས་མི་ཚོར་བ་མྱངས་ཏེ་མཐར་སློབ་གྲྭ་ཆེན་མོའི་སྒོ་ཆེན་སྙེགས་ཟིན་པའི་སློབ་བུའང་བརྒྱ་ཆ་དྲུག་ཅུ་ཡན་ལ་སླེབས་ཡོད། ལྷག་བསམ་དཀར་པོ་དང་ཡིད་སེམས་གཙང་མས་སློབ་ཁྲིད་དང་འགན་ཁུར་ན་ནི། དེའི་ཡན་གྱི་ཆོས་དང་རྒྱུ་འབྲས་ཤིག་འཇིག་རྟེན་ན་མེད་བསམ་བཞིན་ཡོད། བདེན་དེ། དགེ་རྒན་ཚེ་བརྟན་དོན་གྲུབ་ཅེས་ཞུ་ཚེ་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་ཡོངས་ཀྱིས་མི་ཤེས་མཁན་ཞིག་མེད་ལ། ཁོང་གིས་སློབ་མ་སྐྱོང་བའི་ཐབས་ལམ་དང་སློབ་ཁྲིད་ཀྱི་ནུས་པ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་། སྐད་ཡིག་ལ་དུངས་ཞེན་དང་རིགས་ཞེན་གྱི་ལྷག་བསམ། མི་རིགས་སློབ་གསོ་ལ་དགའ་ཞེན་སོགས་ནི་གང་གིས་ཀྱང་ཚབ་བྱེད་མི་ཐུབ་ལ། དེ་ལས་ཀྱང་སློབ་མར་ཤ་ཚ་ཞིང་སློབ་མ་སོ་སོའི་དགའ་ཕྱོགས་དང་རང་གཤིས། མོས་པ་དང་ཁྱད་ཆོས་ལྟར་སྐྱེད་སྲིང་གནང་བའི་ཐབས་ལམ་ཕུན་སུམ་ཚོགས་པོ་ལྡན། མི་རབས་མང་པོར་ནང་འཁྲུག་དང་ཡིག་རྨོངས་ཀྱིས་གཙེས་པའི་ཡུལ་ཁམས་འདི་འདྲ་ཞིག་ལ་སློབ་གྲྭ་བཟང་པོ་ཞིག་བྱུང་ཞིང་དགེ་རྒན་བཟང་པོ་ཞིག་བཞུགས་པ་ནི་ཅི་འདྲའི་བསོད་ནམས་ཆེ་བ་ལ་ཨང་། དགེ་རྒན་ཁྱེད་ནི་ཡུལ་ཁམས་འདིར་ཤེས་རིག་གི་འོད་ཟེར་ཐོག་མར་དྲངས་མཁན་གྲས་ཀྱི་རུ་འདྲེན་དཔའ་བོར་གྱུར་སོང་བ་འདི་ཡུལ་ཁམས་འདིའི་ཁྱིམ་བདག་དང་སློབ་མའི་བསོད་ནམས་དུས་སུ་སྨིན་པ་ཡིན་པས་རྒན་ལགས་སྐུ་དྲིན་ཆེ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དགེ་རྒན་ཚེ་བརྟན་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད།
མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དགེ་རྒན་ཚེ་བརྟན་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད།

བྲིས་ཐང་སྐོར་ཞིག།

ཁོང་གིས་གནའ་དེང་གི་བོད་ཀྱི་བྲིས་གཟུགས་མང་པོར་སྦྱངས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་ཀྱི་ཡིག་མཁན་ཆེན་མོ་རྒན་དོན་འགྲུབ་ཚེ་རིང་བྲིས་དགེ་རྒན་དུ་བསྟེན་པ་དང་། དྲྭ་སྟེང་ནས་བོད་ཀྱི་ཡིག་མཁན་ཆེན་མོ་རྒན་ཁ་སྤུ་ཅན་དང་རྒན་བསྟན་འཛིན་སོགས་བྲིས་གཟུགས་ཕྱོགས་ལ་མཛུབ་སྟོན་དགེ་རྒན་དུ་བསྟེན། ཁྱད་པར་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གི་ཡིག་གཟུགས་བརྩམས་ཆོས་དང་། བླ་བྲང་དགེ་བཤེས་སྨོན་ལམ་རྒྱ་མཚོ་མཆོག་གི་བྲིས་གཟུགས་བརྩམས་ཆོས་སོགས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས། བྲིས་རྒྱུན་གྱི་ཁ་ཕྱོགས་ཀྱང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བྲིས་རྒྱུན་ལ་འབད་བཞིན་ཡོད། སྔ་གཞུག་ཏུ་བྲིས་ཐང་སུམ་བརྒྱ་ལྷག་བྲིས་ཏེ་བོད་ཀྱི་དགོན་སྡེ་དང་སློབ་གྲྭ། དགེ་རྒན་དང་གྲོགས་པོ་གང་མང་ཞིག་གི་རེ་བ་ལྟར་སོ་སོར་ཕུལ།།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དགེ་རྒན་ཚེ་བརྟན་དོན་གྲུབ་ལགས་ཀྱི་གནས་ཚུལ་རགས་བཀོད།
གཟི་བརྗིད་དཔང་ཡིག། 


སྤྱི་ལོ2017ལོར་དཀར་མཛེས་ཁུལ་གྱི་སྐད་གཉིས་སློབ་གསོའི་སྤུས་ཚད་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དང་སྐད་གཉིས་སློབ་དཔྱོད་ཚོགས་འདུ་སོགས་ལ་ཞུགས་པ་དང་། སྤྱི་ལོ2018ལོ་ནས་བཟུང་སྟེ་དར་མདོ་གྲོང་ཁྱེར་གྱི་དགེ་རྒན་རྐང་འཛིན་པའི་འགན་ཁུར་ཞིང་། དར་མདོ་བོད་ཡིག་སློབ་འབྲིང་དང་། དར་མདོ་མི་རིགས་སློབ་འབྲིང་། རང་སློབ་གྲྭ་སོགས་ནས་འཆད་ཁྲིད་གང་མང་བྱས་ནས་རྫོང་རིམ་པའི་བྱ་དགའ་ཨང་དང་པོ་གང་མང་ཐོབ་པས་མགོ་ཁྲིད་དང་དགེ་སློབ་ཡོངས་ཀྱིས་དགའ་བསུ་གང་མང་ཐོབ། སྤྱི་ལོ2004ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་།སྤྱི་ལོ2018ལོར་དཀར་མཛེས་ཁུལ་དགེ་རྒན་གྱི་ཚད་ལེན་རྒྱུགས་གཞི་ཁྲོད་ཁུལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།ཁོང་གིས་བསྐྱངས་པའི་སློབ་མ་དག་གིས་སྤྱི་ལོ2017ལོ་དང2021ལོའི་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་ཨང་དང་པོ་དང་། སྤྱི་ལོ2018ལོའི་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པས་ཁོང་ལ་ཁུལ་རིམ་པའི་དགེ་རྒན་ཕུལ་བྱུང་གི་གཟི་བརྗིད་མཚན་སྙན་ཐོབ། ཁྲེང་ཏུའུ་དགེ་ཐོན་སློབ་ཆེན་སོགས་ནང་ལོགས་ཀྱི་སློབ་ཆེན་ཁག་ཏུ་ཟབ་སྦྱོང་ལ་ཕྱིན་ནས་དགེ་རྒན་ཕུལ་བྱུང་གི་བྱ་དགའ་ཡང་གང་མང་བླངས། དེ་བཞིན་རྫོང་དང་སློབ་གྲྭ་རིམ་པའི་དགེ་རྒན་ཕུལ་བྱུང་དང་དགེ་རྒན་དཔེ་ལེགས་ཅན་གྱི་བྱ་དགའ་ཡང་གང་མང་ཐོབ་མྱོང་ལ། ཁུལ་དང་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་ལས་འགན་ལྕི་མོ་ཕྲག་ཏུ་བཞེས་བཞིན་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་ནས་སྐལ་ལྡན་གདུལ་བྱ་སྐྱོང་བའི་མཛད་འཕྲིན་བཟང་པོ་སྐྱོང་བཞིན་པ་ལགས་སོ།།

༼ ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།༽


  • ལེ་ཚན་སྔོན་མ།:སོར་རྩེའི་འཕྲུལ་རྩལ་ལས་འཁྲུངས་པའི་ཡིག་གཟུགས་ཀྱི་ལང་ཚོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།