2023-07-21
ཆུང་དུས་གོམ་གསུམ་ཆེད་དུ་རེ་འདུན་ཡུན་རིང་འཆང་།།
ལུས་ཕུང་སྡང་བ་བསམས་ནས་བདག་དང་གྲིབ་མ་བཞིན།།
ཁག་ཁག་སོ་སོ་མི་འབྲལ་མཉམ་འགྲོ་མཉམ་འདུག་བྱས།།
དྲིན་གྱི་བདག་པོ་འདི་འདྲ་འཚོལ་ཡང་རྙེད་ཐབས་བྲལ།།
ཕྲན་ལ་མཉེས་གཤིན་གནང་བའི་ཡབ་ཡུམ་དྲིན་ཆེན་ནོ།།
བརྩེ་བའི་དྲོད་ཁོལ་ནང་ནས་རྣམ་དག་སེམས་ཀྱིས་བསྐྱངས།།
མཛའ་མཐུན་ཡིད་ཀྱི་འཚོ་བར་ནན་ཏན་ངག་གིས་ཁྲིད།།
ཡིད་འོང་འབུམ་ཕྲག་གསེང་ནས་ང་ཉིད་ལྷག་ཏུ་གཅེས།།
ཚེ་འདིའི་བྱམས་པའི་མ་ལོ་དྲན་ཐེངས་ལན་གཅིག་མིན།།
སྐུ་ཚེ་བརྟན་པོར་བཞུགས་ཤིག་ཀྱེ་མ་ཡུམ་ཆེན་ལགས།།
དཔྱིད་དུས་ཁ་ཆར་ཁྲོད་ནས་ཁྱིམ་གྱི་མཛེས་སྡུག་བཙལ།།
དབྱར་ཁའི་ཚ་གདུང་འོག་ཏུ་ཞོར་ལས་སོགས་ལ་གཉེར།།
སྟོན་དུས་ཆར་ཞོད་ཀློང་ནས་འབྲས་བཟང་ཁྱིམ་དུ་བསྡུས།།
དགུན་ཀའི་གྲང་རླུང་མཉམ་དུ་སྔ་ལོངས་འཕྱི་ཉལ་བྱས།།
དཀའ་བའི་རྔུལ་ཆུ་གྲངས་མེད་ངེད་ཅག་སླད་དུ་མྱོང་།།
ལན་ཆགས་རིང་མོ་ཐོགས་པའི་དྲིན་གྱི་ཡུམ་ཆེན་མོ།།
དཀའ་སྡུག་འཚོ་འདུ་གསེང་དུ་བྱམས་པའི་མིག་གིས་ལྟ།།
རང་བཞིན་དྭངས་ཤིང་གཙང་པའི་སེམས་ཀྱི་ལྷ་མོ་ཁྱེད།།
དགའ་བའི་ལོ་འདབ་ཚོགས་ལས་ང་ཉིད་འཚར་དུ་ལོང་།།
མ་ལོའི་རང་ཞལ་མཇལ་བར་སྐྱིད་ཀྱིས་རྟག་ཏུ་ཁེངས།།
རྒྱུས་མེད་ལས་དབང་ཞིག་གིས་ཡུལ་ལུང་གཞན་དུ་འཚོ།།
ཆ་མེད་སློབ་གླིང་གཅིག་ནས་དྲན་གདུང་ཚོར་བས་མནར།།
སྔོན་གྱི་བསོད་ནམས་ཕུང་པོས་ཁྱེད་ཀྱི་བུ་ཕྲུག་གྱུར།།
བདག་ལ་སྙིང་དུ་སྡུག་པའི་ཡུམ་ཆེན་ཟླ་མིང་ཅན།།
རྒྱང་རིང་ཡུལ་གྱི་བདག་ལ་སེམས་ཀྱིས་རྟག་ཏུ་སྲུང་།།
རྣམ་དག་འཆར་སྒོའི་གསེབ་ཏུ་ཡིད་འོང་ལང་ཚོ་རྫོགས།།
གཞུང་དྲང་འཛུམ་ཞལ་འཕྲོ་ནས་རང་ཡུལ་ལུང་པ་ནས།།
ཕྲན་ལ་བག་ཆགས་མཐུག་པོས་དགའ་བའི་ལོ་ཟླ་ཚོགས།།
གཅིག་རྗེས་གཉིས་མཐུད་བགྲང་ཡང་བརྩིས་པའི་དུས་ཤིག་མེད།།
ཨ་མའི་མཉེས་གཤིན་དྲོན་མོར་ཨེ་མ་ངོ་མཚར་རྨད།།
ལུས་ཕུང་སྒྱུ་མའི་མདངས་ལ་མི་རྟག་ལས་ཀྱིས་གཙེ།།
གདོང་གི་གཉེར་མ་མཐའ་དག་ང་དང་ང་ལ་འབྲེལ།།
སྲོག་གི་རྒྱུད་སྐུད་ཕྲ་མོ་བརྩེ་བའི་རང་བཞིན་མངོན།།
ཆུང་ནས་ད་བར་སྐྱོང་མཁན་བྱམས་ལྡན་མ་ལོ་ཁྱེད།།
བདག་དང་གཏན་དུ་འགྲོག་པའི་སྨོན་ལམ་ཡང་ཡང་ཞུ།།
གཡང་དཀར་ལུག་གི་བལ་ལས་གཤིས་ཀ་ཡག་ཅིང་ཡག།
གངས་རི་དཀར་པོའི་མདོག་ལས་ཁ་དོག་གཙང་ཞིང་གཙང་།།
སྦྲང་དཀར་རྩམ་པ་དེ་ལས་རང་བཞིན་དྭངས་ཤིང་དྭངས།།
བརྩེ་ལྡན་ཡབ་ཡུམ་གཉིས་ལས་དྲིན་ཆེན་རྙེད་མེད་ཡིན།།
ལུས་སེམས་ན་ནད་མེད་ཅིང་འབྲལ་མེད་བདག་དང་འཚོ།།
ཁྱིམ་གཞིས་དྲོན་མོ་དེ་ནས་ཨ་འགྲིག་ཆ་འགྲིག་གི།།
མཛའ་མཐུན་ཡིད་ཀྱི་དགའ་བ་ཕྱི་ནང་ཡོངས་ལ་གསལ།།
མཛེས་སྡུག་ཕང་ཕུང་དཀྱིལ་དུ་ཕ་འཛོམས་མ་འཛོམས་གྱུར།།
ཤ་ཁྲག་རུས་པའི་གཏིང་ནས་དགའ་བདེའི་སྣང་བ་ཚོགས།།
གློ་སྙིང་གྲང་ཁོག་དབར་ནས་ཡལ་མེད་གཏན་དུ་རྟོགས།།
འདི་ནས་ཡན་དུ་བརྩིས་པའི་བགྲང་བྱ་བཅུ་ལྷག་ནས།།
མགོན་སྐྱབས་བཤེས་གཉེན་དུ་མའི་ཞབས་ཀྱི་པད་མོར་རེག།
རྒྱལ་བ་རྒྱ་མཚོའི་གསུང་ལ་རྩོད་ཅིང་རྩོམ་པའི་དགེ།།
ཚེ་འདིའི་དྲིན་ཆེན་རྣམ་གཉིས་ཚེ་ཐག་རིང་བའི་ཕྱིར།།
མ་གྱུར་འགྲོ་དྲུག་ཡོངས་ལ་རྣམ་དག་སེམས་ཀྱིས་སྔོ།།
༼ ཁྲག་གདོང་། ༽
རྩོམ་གསར། 10