ལས་འཕྲོའི་མདུད་པ་རིང་མོ།

        2023-07-21

འཇིག་རྟེན་སྤྲིན་གྱིས་གཡོ་བའི་དར་ཟབ་འོག།

དྲི་མེད་སེམས་ཀྱི་འབབ་སྟེགས་རྙེད་པ་ན།།

འདི་ནི་རྨི་ལམ་འགྲིམས་པའི་རྨི་ལམ་སྟེ།།

སྣང་བ་འཕྲུལ་གྱིས་བཏབ་པའི་དུངས་པ་ཉིད།།

འདི་ནས་ཕར་ལ་བལྟས་པས་སྐྱོ་ངལ་གྱི།།

ཞེན་ཆགས་ལས་ཀྱི་བུ་ལོན་འཁུར་བྱས་ཏེ།།

ཉི་ཤུ་ལང་ཚོ་འདབ་མའི་གཤོག་ཟུང་ངོས།།

དལ་དང་བགས་ཀྱིས་ཕྱེ་ལེབ་ལྡིང་སྐོར་བྱ།།

ངག་གིས་འབོད་པའི་སྙན་ཞིག་གསན་ཨེ་བྱུང་།།

ཚུར་ལ་འཁོར་བའི་འཛུམ་ཞིག་མཐོང་ཨེ་བྱུང་།།

བསྐལ་བ་དུས་ཀྱི་མཐའ་མའི་ཐ་འདི་རུ།།

ང་ཡང་ཁྱེད་ཀྱི་ལས་འཕྲོའི་པང་དུ་གཉིད།།

མི་ལོ་རྫོགས་མཐའ་མེད་པའི་སྔ་རོལ་ཏུ།།

འུ་གཉིས་ངང་པ་ཁྱོ་ཤུག་ཟུང་དུ་སྐྱེས།།

དྭངས་གསལ་གཙང་ཆུ་རིང་མོའི་འགྲམ་ངོགས་སུ།།

ཟས་ལ་འདམ་ལས་མེད་ཀྱང་སྣང་བ་སྐྱིད།།

དེ་ནས་དགུང་གི་སྐར་མར་སྐྱེས་སམ་ཅི།།

ཕན་ཚུན་མིག་གིས་ཅེར་ནས་འཛོམས་ཆིངས་བཏབ།།

བདུན་བདུན་མཚན་གྱི་བརྩེ་དུངས་ཟླ་བའི་ངོགས།།

གླང་རྫི་ཐགས་མའི་སྐྱེ་བ་ང་གཉིས་བཞེས།།

རེ་ཞིག་ལྷིང་འཇགས་སེམས་ཀྱི་དྲན་གདུང་གིས།།

མཚོ་རླབས་འཇགས་པའི་མཚན་མོའི་གྲུ་ནང་དུ།།

ཁྱོད་ཀྱིས་རྒྱུད་མངས་དཀྲོལ་བའི་དབྱངས་རྟ་དང་།།

ང་ཡིས་སྐྱེ་བ་སྟོང་ལ་སྙན་ངག་བཞེངས།།

ཚིག་གིས་བྲིས་པའི་མཐའ་ཡང་རྫོགས་སུ་མེད།།

དོན་གྱིས་དྲན་པའི་མཆི་མའང་འགོག་ཏུ་མེད།།

དུངས་ན་དུངས་པའི་སྐད་ཅིག་འདི་ལྟར་ལ།།

འདི་ཡང་ད་ནས་རྙེད་ཅིང་བོར་ལགས་སམ།།

ངེས་དོན་རི་དྭགས་འདྲོགས་པའི་སེམས་ནང་ལ།།

ཤུགས་འབྱུང་སྙིང་གི་ཕར་ལྡིང་གཡོ་བ་ན།།

གློ་བུར་ཚིག་གི་སྒྱུ་འཕྲུལ་གར་གཅིག་གིས།།

ན་ཆུང་སྣང་བའི་འོད་དཀར་འདི་རུ་གསལ།།

༼ མདའ་ཅང་ཤེས། ༽


  • ལེ་ཚན་སྔོན་མ།:ཨ་མའི་མཉེས་གཤིན་དྲོན་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།