དམངས་སྲིད་པུའུ་ཡིས་ཡུལ་སྡེའི་མིང་འདོགས་བྱ་སྤྱོད་སྤེལ་འགོ་བཙུགས།

ཐུབ་ཀྱིས་བསྒྱུར།        2023-07-24

ཉེ་ཆར་དམངས་སྲིད་པུའུ་ཡིས་བརྡ་ཐོ་བཏང་ནས་ཡུལ་སྡེའི་མིང་འདོགས་བྱ་སྤྱོད་སྤེལ་བའི་བཀོད་སྒྲིག་བྱས་པ་རེད། བྱ་སྤྱོད་དེའི་ནང་ས་མིང་ཇུས་གཞི་བཟོ་བ་དང་། མིང་བཏགས་མཚོན་རྟགས་བཟོ་བ། རིག་གནས་སྲུང་སྐྱོང་། པར་རིས་འཚོལ་སྤྲོད། ཆ་འཕྲིན་ཞབས་ཞུ་སོགས་ས་མིང་ལས་དོན་གྱི་གནད་ས་ཁག་ལ་ཁྱབ་ནས་ཡུལ་སྡེའི་ས་མིང་འཛུགས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བསྐུལ་རྒྱུ་ཡིན་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། དེང་རབས་ཡུལ་སྡེ་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ཡུལ་སྡེ་ས་མིང་ལའང་གྲངས་འབོར་གྱི་འདུས་ཚད་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པས། ཁྱོན་ཡོངས་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་འཆར་འགོད་ཇུས་འགོད་བྱ་དགོས་པ་དང་། ཚད་གཞི་ཅན་གྱི་ཚད་གཞི་མཐོ་རུ་འགྲོ་བ་དང་། མི་རྣམས་ཀྱིས་ཡུལ་སྡེའི་ས་མིང་གི་ཁྱད་འཕགས་ནང་དོན་ལ་སྔར་བས་མཐོང་ཆེན་བྱེད་པ་སོགས་ཀྱི་ཁྱད་ཆོས་མངོན་གྱི་ཡོད། 

ཉེ་བའི་ལོ་ཤས་རིང་། དམངས་སྲིད་པུའུ་ཡིས་ཡུལ་སྡེའི་ས་མིང་ཆ་འཕྲིན་ཞབས་ཞུ་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། ཡུལ་སྡེའི་ས་མིང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་བརྒྱབ་ཡོད། ཡུལ་སྡེའི་མི་སེར་འགྲོ་སྐྱོད་ཕྱོགས་སྟོན་དང་མགྱོགས་སྦྲག་ཟོག་འགྲེམས་སྟབས་མི་བདེ་བའི་དངོས་ཡོད་གནད་དོན་ལ་དམིགས་ཏེ། འབྲེལ་དྲྭའི་ས་བཀྲའི་སྟེགས་བུར་ཡུལ་སྡེའི་ས་མིང་ཁྲི670ལྷག་ཚད་ལྡན་ངང་འགོད་པར་སྔ་རྗེས་སུ་མཛུབ་ཁྲིད་བྱས་ཡོད། གསར་དུ་བཀོད་པའི་ས་མིང་རྒྱལ་ཡོངས་ཀྱི་ཡུལ་སྡེའི་གཞིས་གནས་ཁྲི200ལྷག་ལ་ཁྱབ་ཅིང་འཚོལ་བཤེར་རྡེག་ཚད་མི་དུང་ཕྱུར་བཅུ་ཕྲག་ཁ་ཤས་ལ་སླེབས་ཏེ། ཡུལ་སྡེའི་མི་སེར་གྱི་འགྲོ་སྐྱོད་ཕྱོགས་སྟོན་དང་། གྲོང་སྡེར་མགྱོགས་སྦྲག་བཙུགས་པ། གྲོང་སྡེའི་ཐོན་རྫས་གྲོང་ཁྱེར་དུ་འཚོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། 

ད་ཐེངས་ཀྱི་ཡུལ་སྡེའི་མིང་འདོགས་བྱ་སྤྱོད་ལ་ཕྱོགས5ཡི་གཙོ་གནད་ལས་འགན་ཁག14ཁ་གསལ་བཏོན་ཡོད་པ་དང་། དེའི་ནང་ཡུལ་སྡེའི་ས་མིང་དྲ་བ་བཟོ་བ་དང་། ཡུལ་སྡེའི་ས་མིང་མཚོན་རྟགས་མ་ལག་འཐུས་ཚང་དུ་གཏོང་བ། ཡུལ་སྡེའི་ས་མིང་རིག་གནས་འཕེལ་རྒྱས་དང་དར་རྒྱས་གཏོང་བ། ས་མིང་ཆ་འཕྲིན་ཞབས་ཞུ་ཤུགས་ཆེར་གཏོང་བ། ས་མིང་གིས་ཞིང་ཕན་ཡོང་བར་སྐུལ་བ་སོགས་ཀྱི་ནང་དོན་ཞིབ་ཕྲ་ཚུད་ཡོད་པ་རེད། 

དམངས་སྲིད་པུའུ་ཡི་ཁུལ་ཁོངས་ས་མིང་སིའི་སི་ཀྲང་གཞོན་པ་ཝང་ཞའོ་ཏུང་གིས་ཡོངས་བསྒྲགས་ཚོགས་འདུར2023ལོ་ནས་བཟུང་ལོ3ནས5བར་ཡུལ་སྡེའི་ས་མིང་ལས་དོན་སྤེལ་སྟངས་སྤྱིར་ན་གཏན་འཁེལ་དང་ལས་ཀའི་ཐབས་ལམ་སྤྱིར་ན་འཐུས་ཚང་དུ་བཏང་ནས། ཡུལ་སྡེའི་ས་མིང་དང་དེའི་མཚོན་རྟགས་ཁྱབ་ཚད་དང་། སྟུག་ཚད། ཞིབ་ཚགས་ཚད་བཅས་ཡུལ་སྡེ་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པར་བྱས་ཤིང་།ཡུལ་སྡེའི་ས་མིང་རིག་གནས་དེ་ཡུལ་སྡེའི་རིག་གནས་འཛུགས་སྐྱོང་གི་གྲུབ་ཆ་ནུས་ལྡན་ཞིག་ཏུ་བསྒྱུར་རྒྱུ་དང་། ཡུལ་སྡེའི་ཚད་ལྡན་ས་མིང་ཆ་འཕྲིན་དེ་ཁྱབ་ཁོངས་ཁག་ཏུ་ཚད་ལྡན་ངང་བེད་སྤྱོད་བྱས་ནས་ཡུལ་སྡེའི་ས་མིང་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། ཡུལ་སྡེའི་ས་མིང་གི་ནུས་པ་གང་ལེགས་ཐོན་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་གྲོང་གསེབ་གློག་དྲྭ་བརྟན་པོ་དང་ལེགས་སུ་གཏོང་བའི་ལས་གྲྭ་ལག་ལེན་བསྟར་རྩིས་ཡོད།
  • ལེ་ཚན་རྗེས་མ།:སྡེ་ཚན་དྲུག་གིས་གྲོང་ཡུལ་ཁོར་ཡུག་འཕྲོད་བསྟེན་གཙང་བཤེར་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་།
  • དོ་སྣང་ཆེ་བའི་རྩོམ།