མཚན་མོའི་དབྱངས།

དབྱངས་ཞི་བ།        2023-07-24

མཚན་མོའི་དབྱངས།

ངས་ཁྱོད་ཀྱི་དབྱངས་རྟ་སྙན་མོ་ལ་རྣ་བ་གཏད་ཚེ།

ངའི་རྨི་ལམ་གྱི་ཁུག་པ་བཅོ་བརྒྱད་ན་ཁྱོད་ཉིད་འཚུབས་སོང་ལ།

དྲན་གདུང་གི་མཚོ་མོའི་དཀྱིལ་འཁོར་ན་ཁྱོད་ཉིད་འཛུམ་བྱུང་།

ངས་ཡིད་འོང་གི་མཛེས་པའི་ཕ་ཡུལ་ནས་ཁྱོད་རང་མཐོང་སོང་ལ།

ནམ་རྒྱུན་གྱི་བསམ་བློའི་མདུན་ཕྱོགས་ན་ཁྱོད་ཉིད་བཞད་ཀྱང་སོང་།

དེའི་རྒྱུ་མཚན་ནི། ང་ཁྱོད་ལ་དུང་བས་ཡིན།

མཚན་མོའི་དབྱངས།

ང་མཚན་མོ་མར་ལ་ཉལ་ཐེངས་རེ་ལ།

ནམ་རྒྱུན་ཁྱོད་ཀྱི་དབྱངས་རྟ་གསོན་པོ་དེ་རྣ་བར་བསྒྲགས་ནས།

འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་ལ་ཞན་པ་ལོག་བཞིན།

འཆི་བ་མི་རྟག་པ་དེ་སྙིང་ནས་དྲན་གྱིན་ཡོད་ལ།

ད་དུང་ང་ལ་ནམ་རྒྱུན་ཕ་མས་ཐོན་ཤོར་ཟེར་བས།

ཡི་གེ་འབྲུ་དྲུག་མ་དེ་ཁ་ནས་འདོན་བཞིན་ཡོད།

མཚན་མོའི་དབྱངས།

ང་ཁྱོད་ལ་དུང་བ་ནས་བཟུང་ས་མཐའི་ཡུལ་གྲུ་འདི་ནས།

ངས་ཕ་ཡུལ་དྲན་ཐེངས་རེ་ལ།

ཁྱོད་ཀྱི་དབྱངས་རྟ་གསོན་པོ་དེ་ཡིད་ནས་དྲན་གྱིན།

ཕ་ཡུལ་གྱི་ཕྱོགས་སུ་སྙན་ངག་ཐུང་ངུ་ཞིག་བྲིས་ནས།

སྙན་མོ་ངག་ལ་བཀུག་ན་འདོད་མྱོང་།

མཚན་མོའི་དབྱངས།

ང་ནི་ཁྱོད་འདྲའི་སྐད་ངག་གི་སྒྱུ་རྩལ་ལྡན་པ་ཞིག་མིན་ཡང་།

ངས་ཚིག་འབྲུ་རེ་འགའ་ཤོག་ངོས་སུ་བྲིས་ནས།

དེ་དག་ཀློག་པའི་ངག་རྩལ་འཆི་ཁ་མ་དེ་ལ་ཚོར་བ་མི་འདུག

ངས་མཚན་མོ་རེ་རེར་ཁྱོད་ཀྱི་སྙན་ངག་གསོན་པོ་དེ་དང་།

སྙན་ངག་གི་ཚོར་བ་ཕྱིར་འདོན་ཐུབ་པའི་མགྲིན་པ་དེ་ང་ལ་ལན་གཅིག་གཡར་ན་བསམ་བྱུང་།

མཚན་མོའི་དབྱངས། མདོར་ན།

ང་ཡིས་ཁྱོད་ཉིད་སྒྲོག་གིན་སྐར་མ་སྨིན་དྲུག་ལ་བལྟས་ནས།

དབང་མེད་དུ་རིང་མ་ཐུང་གི་རྩོམ་འདི་ཤོར་སོང་།



  • ལེ་ཚན་སྔོན་མ།:རྗེ་མི་ལའི་ཞབས་ལ་ཕྱག་འཚལ་ལོ།
  • ལེ་ཚན་རྗེས་མ།:བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན།