མཚོ་སྔོན་པོ་དྲ་བ། 2023-07-25
གུར་ཀུམ་གསར་པའི་མདངས་འཛིན་མཁྱེན་པའི་གཏེར། །
ཤེས་རབ་རལ་གྲི་འབར་བའི་གཟི་འོད་ཀྱིས། །
རྨོངས་པའི་དྲ་བ་མ་ལུས་གཅོད་པའི་གཉེན། །
ངག་གི་དབང་ཕྱུག་འཇམ་དཔལ་གཞོན་ནུས་སྐྱོངས། །
རྒྱལ་བའི་རྣམ་འཕྲུལ་རྒྱལ་གསུང་བདུད་རྩིའི་ཆར། །
རྒྱ་ཆེན་འགྲོ་ལ་འགྱེད་པའི་སྤྲིན་ཆེན་པོ། །
སྲིད་ན་མངོན་པར་དཀོན་པའི་ཡིད་བཞིན་ནོར། །
དགེ་ལེགས་བྱེ་བའི་འབྱུང་གནས་གུས་པའི་ཡུལ། །
བཅུ་གསུམ་ཟུང་གཉིས་ཐབས་ཤེས་སྦྱོར་བ་ལས། །
རབ་འབྱམས་ཤེས་བྱ་སྟོན་པའི་འཕྲུལ་པོ་ཆེ། །
ལུགས་གཉིས་མུན་པ་སེལ་བའི་ཉིན་མོར་བྱེད། །
དུས་ཀྱི་མཐར་ཡང་སྲིད་ན་རྒྱལ་གྱུར་ཅིག །
དེ་ལ་འདིར་ཚིག་མཛོད་རིག་པའི་རྣམ་གཞག་གི་གནད་རྣམས་མདོར་བསྡུས་ནས་བརྗོད་པ་ལ། ཚིག་མཛོད་ནི། རིག་པའི་གནས་མི་ཟད་པའི་གཏེར་གྱི་བང་མཛོད་དུ་འཇུག་པའི་ལྡེའུ་མིག་ལྟ་བུ་ཡིན་ཏེ། རིག་པའི་རྣམ་གྲངས་གང་ཞིག་ཡིན་ཡང་མིང་དང་ཚིག་ལ་བརྟེན་ནས་སྟོན་ཞིང་། མིང་དང་ཚིག་གི་དོན་མ་ཤེས་ན། དེ་ལ་འཇུག་ཚུལ་མེད་པའི་ཕྱིར་དང་། ཚིག་མཛོད་ནི་ཆེད་དུ་མིང་དང་ཚིག་གི་དོན་རྣམས་གསལ་བར་སྟོན་པར་བྱེད་པའི་ལག་ཆ་ལྟ་བུ་ཡིན་པའི་ཕྱིར་རོ། ། དེས་ན་རིག་གཞུང་གང་ཞིག་ཡིན་ཡང་དེ་དང་འབྲེལ་བའི་ཚིག་མཛོད་རེ་ཡོད་ན། ལྡེའུ་མིག་ལག་ཏུ་ཐོགས་པ་བཞིན་གཞུང་དེ་དག་ལ་བདེ་བླག་ཏུ་འཇུག་ནུས་པའི་ཕན་པ་ཆེན་པོ་ཡོད་པ་ནི་མངོན་སུམ་ཡིན། འོ་ན་དེ་ལྟ་བུའི་ཚིག་མཛོད་ཅིག་བསྒྲིག་ན། ཐོག་མར་དེ་བསྒྲིག་ཚུལ་ཚིག་མཛོད་རིག་པ་ལེགས་པར་ཤེས་དགོས་ཏེ། དེ་ཤེས་ན་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། ཀློག་པ་པོ་སོ་སོའི་དགོས་མཁོ་སྐོང་ནུས་པ། འཚོལ་ཀློག་སླ་བའི་ཚིག་མཛོད་ལེགས་པོ་རྩོམ་སྒྲིག་བྱེད་ནུས་པའི་ཕྱི་རོ། །འདིའི་སྐོར་ལ་དེང་སང་མཁས་པ་མང་པོས་ཞིབ་འཇུག་བྱས་ཏེ། གྲུབ་འབྲས་ལེགས་པོ་ཐོན་འདུག་པས་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་རྣམས་ཀྱི་ཞིབ་འཇུག་ལས་ཐོན་པའི་རིགས་པ་དང་། ཁོ་བོ་ཅག་གིས་ཀྱང་ལོ་འཁོར༡༥ཙམ་གྱི་བར་དུ་ཚིག་མཛོད་རྩོམ་བསྒྲིག་གི་ལས་ཀ་བསྒྲུབས་པའི་ཉམས་མྱོང་བཅས་ལ་བརྟེན་ནས་དེང་རབས་ཚིག་མཛོད་རིག་པའི་རྣམ་གཞག་གནད་བསྡུས་ཤིག་བརྗོད་པར་བྱའོ། །
གཉིས་པ་ཚིག་མཛོད་རྩོམ་བསྒྲིག་གི་བྱ་བའི་མྱོང་ཚོར་བཤད་པ་ནི། ཨི་ཐ་ལིའི་སྐད་རིག་པའི་མཁས་པ་དང་ཚིག་མཛོད་རྩོམ་སྒྲིག་པ་སི་ཁ་ལིས་ཀིརJosephJustusScaliger(1540-1609)ཞེས་པས་ཡུན་རིང་དུ་ཚིག་མཛོད་རྩོམ་བསྒྲིག་གི་བྱ་བ་བསྒྲུབས་པའི་ཉམས་མྱོང་སྨྲས་པ། གལ་ཏེ་ནག་ཉེས་སྣ་རྒུ་བསགས་པའི་ཉེས་ཅན་ཞིག་ཡོད་ན། དེ་ལ་སྲོག་ཆད་གཅོད་མི་དགོས་ལ། བཙན་ཐབས་ཀྱིས་ངལ་རྩོལ་བྱེད་དུ་འཇུག་ཀྱང་མི་དགོས་ཏེ། ཚིག་མཛོད་སྒྲིག་ཏུ་བཅུག་ན་དེས་ཆོག་སྟེ། ལས་ཀ་འདིའི་ནང་དུ་མནར་གཅོད་དང་སྡུག་བསྔལ་ཐམས་ཅད་འདུས་པའི་ཕྱིར་རོ་ཞེས་ཟེར། ཀྲུང་གོའི་སྐད་རིག་པའི་མཁས་པ་དང་རྩོམ་སྒྲིག་དང་དཔར་སྐྲུན་མཁས་པ། ཚིག་མཛོད་རྩོམ་བསྒྲིག་གི་ཉམས་མྱོང་ཕྱུག་པོ་ཅན་ཁྲིན་ཡན(陈原1918-2004)ཞེས་པས་སྨྲས་པ། ཚིག་མཛོད་རྩོམ་བསྒྲིག་གི་བྱ་བ་ནི་མི་ཞིག་གི་བསྒྲུབ་བྱ་མ་ཡིན་ཏེ། འཕགས་པ་ཞིག་གི་བསྒྲུབ་བྱ་ཡིན་ཞེས་ཟེར་ཏེ། ཁོང་ཚོས་ནི་ཚིག་མཛོད་རྩོམ་བསྒྲིག་གི་བྱ་བ་འདི་ཧ་ཅང་སྡུལ་བསྔལ་ཅན་ཞིག་དང་། དཀའ་བའི་ཚད་ཅིག་ཏུ་བྱེད། ཡང་ཨ་རིའི་ཚིག་མཛོད་རྩོམ་སྒྲིག་པ་ཧལ་པོར་ཐི(J.R.Hulbert)ཞེས་པས་སྨྲས་པ། ཚིག་མཛོད་རྩོམ་སྒྲིག་བྱེད་པ་ལས་སྐྱིད་པའི་སེམས་ཤུགས་ངལ་རྩོལ་ཞིག་ཡོད་པ་ཁོ་བོས་མི་ཤེས་སོ་ཞེས་སོགས་ཟེར་ཏེ། བྱ་བ་འདི་ཤིན་ཏུ་སྐྱིད་པོ་ཞིག་ཏུ་ངོས་འཛིན་བྱས་འདུག་གོ། ཁོ་བོ་ནི་ད་ལྟའི་བར་དུ་ལོ་འཁོར་༡༥་ཡུན་ལ་རིན་མེད་དུ་ཚིག་མཛོད་རྩོམ་བསྒྲིག་གི་བྱ་བ་བསྒྲུབས་ཤིང་ད་དུང་ཡང་རེ་ཞིག་མུ་མཐུད་དུ་སྒྲུབ་ནུས་པའི་རེ་བ་བཅངས་ཡོད། འདས་པའི་ལོ༡༥ལ་ཕྱིར་འདང་ཞིག་བརྒྱབ་སྟེ་དྲང་མོར་བཤད་ན། བྱ་བ་འདི་ཞིབ་ཚེགས་ཆེ་ལ་ཚད་གཞི་མཐོ་བ། འགོར་ཡུན་རིང་ལ་གྲུབ་འབྲས་ཉུང་བ། རིག་པ་སྒྲིམ་པ་དང་ཆོད་སེམས་བརྟན་པ་གཉིས་ཀ་དགོས་པ་སོགས་དཀའ་ཚེགས་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཡིན་པ་ནི་སྨོས་མེད་རེད། དེས་ན་བྱ་བ་རང་གི་ངོ་བོ་ནི་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་པའི་ངེས་པ་ མེད། འོན་ཀྱང་དེས་སྡུག་བསྔལ་སྐྱེད་མི་སྐྱེད་ནི་རང་རང་གི་སེམས་ལ་རག་ལས་པར་སྣང་སྟེ། ཁོ་བོ་ལ་ནི་སྡུག་སྣང་དང་སུན་སྣང་ཐེངས་གཅིག་ཀྱང་མ་བྱུང་། དེར་མ་ཟད་ནམ་རྒྱུན་ཚིག་གསར་པ་ལེགས་པོ་རེ་བཟོ་ཐུབ་ན་དགའ་ཚོར་ཆེན་པོ་སྐྱེ་བཞིན་ཡོད་དོ། །
གསུམ་པ་འབྱུང་འགྱུར་གྱི་རེ་ཞུ་གསུམ་ལས། གཅིག་ནི། འདས་པའི་ལོ༡༠༠༠ལྷག་གི་རིང་ལ་བོད་ཀྱི་མཁས་པ་རིམ་བྱོན་གྱིས་མཛད་པའི་སྐད་གཉིས་ཤན་སྦྱར་དང་སྐད་རྐྱང་གི་ཚིག་མཛོད་ཧ་ཅང་མང་པོ་ཞིག་བཞུགས་པ་ནི་ཤིན་ཏུ་རྗེས་སུ་ཡི་རངས་པ་དང་བཀའ་དྲིན་ཞུ་འོས་པ་ཞིག་རེད། འོན་ཀྱང་བོད་གངས་ཅན་ལ་སྲོལ་རྒྱུན་གྱི་རིག་གཞུང་བགྲང་གིས་མི་ལངས་པ་ཞིག་ཡོད་པ་དེ་རྣམས་ཀྱི་རྗོད་བྱེད་ཐ་སྙད་ཧ་ཅང་མང་པོ་ཞིག་ད་དུང་ཚིག་མཛོད་ཀྱིས་གཏན་ལ་ཕབ་མ་ཐུབ་པས་ཀློག་པ་པོ་རྣམས་གོ་དཀའ་བའི་ཐ་སྙད་དང་འཕྲད་པ་ན་དེའི་དོན་བཙལ་ས་མེད་པས་དཀའ་ངལ་དང་འཕྲད་པ་དང་། ལོ་སྟོང་ཕྲག་མང་པོའི་རིང་ལ་འཕེལ་རྒྱས་སུ་བྱུང་བའི་དམངས་ཁྲོད་ཀྱི་ཐ་སྙད་ཤིན་ཏུ་མང་པོ་ཞིག་ཚིག་མཛོད་དུ་བསྡུ་མ་ཐུབ་པ་དང་། དེའི་དབང་གིས་ད་ལྟའི་ཚིག་མཛོད་རྣམས་ཀྱི་ནང་ན་ནམ་རྒྱུན་གྱི་འཚོ་བའི་ཕྱོགས་ལ་བཀོལ་ཆོག་པའི་ཐ་སྙད་ཉུང་དྲགས་པས་འཚོ་བའི་བརྗོད་གཞི་ཅན་གྱི་རྩོམ་ཡིག་གམ་སྒྲུང་སོགས་བྲི་བ་ན། ཚད་ལྡན་གྱི་ཐ་སྙད་མི་རྙེད་པས་དོན་ཇི་བཞིན་དུ་རྗོད་མི་ཐུབ་པ་དང་། ཁྱད་པར་དུ་རིག་གནས་གསར་པ་དང་། བྱ་བ་གསར་པ། ཡོ་བྱད་གསར་པ། འཚོ་བ་གསར་པའི་སྐོར་ལ་བཀོལ་བའི་ཐ་སྙད་ཆད་སྟོང་དུ་གྱུར་པས་སྐད་ཡིག་གི་འཚོ་གནས་ལ་ཉེན་ཁ་ཆེན་པོ་ལྡངས་པ་སོགས་གནས་ཚུལ་ཚབས་ཆེན་མང་པོ་ཡོད་པ་ནི་མངོན་སུམ་པ་འདི་ག་ལགས། དེ་དག་ཐམས་ཅད་ཚིག་མཛོད་གཅིག་པུས་སྒྲུབ་ཐུབ་པ་ཞིག་ཡིན་པའི་ངེས་པ་མེད་ཀྱང་། ཚིག་མཛོད་ནི་དེ་དག་སྒྲུབ་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་པ་སྨོས་མ་དགོས་པ་ཞིག་རེད། དེས་ན་དུས་རབས་གསར་པའི་སློབ་གསོ་དང་། ལས་ཀ། འཚོ་བ་སོགས་ལ་ཉེ་བར་མཁོ་བའི་ཚིག་མཛོད་ཆེ་ཆུང་མང་ཙམ་ཞིག་བསྒྲིག་རྒྱུ་ནི་ཧ་ཅང་གལ་ཆེ་བའི་བྱ་བ་ཞིག་ཏུ་སྣང་ལ། དེའི་འགན་ནི་དུས་རབས་འདིའི་ ཤེས་ཡོན་པ་རྣམས་ཀྱི་ཕྲག་ལ་རང་བཞིན་གྱིས་བབ་ཡོད་པ་ཞིག་རེད། དེའི་ཕྱིར་དཔེར་ན། བྱིས་པའི་ཚིག་མཛོད། སློབ་མའི་ཚིག་མཛོད། ཞིང་ལས་ཚིག་མཛོད། འབྲོག་ལས་ཚིག་མཛོད། ཡུལ་སྐོར་ཚིག་མཛོད་སོགས་ཉེར་མཁོའི་ཚིག་མཛོད་ཀྱི་སྐོར་དང་། གཞན་ཡང་ས་མིང་ཚིག་མཛོད། རིག་གཞུང་གི་གཞུང་མིང་ཚིག་མཛོད། རུས་མིང་ཚིག་མཛོད་སོགས་མིང་ཚིག་སྣ་ཚོགས་པའི་ཚིག་མཛོད་དང་། རྩོམ་པ་པོ་སྒེར་གྱི་ཚིག་མཛོད་དཔེར་ན། ས་པཎ་གསུང་འབུམ་ཚིག་མཛོད། བུ་སྟོན་གསུང་འབུམ་ཚིག་མཛོད་ལྟ་བུ་དང་། དེ་བཞིན་དུ་གཞུང་སྒེར་གྱི་ཚིག་མཛོད་དཔེར་ན། ཚད་མ་རྣམ་འགྲེལ་ཚིག་མཛོད། འདུལ་བ་མདོ་རྩ་བའི་ཚིག་མཛོད་སོགས་ཕྲན་ཚེགས་ཀྱི་སྐོར་མང་པོ་ཡོད་ཆོག་ལ། དེ་དག་གིས་ཀློག་པ་པོ་རྣམས་ལ་ཕན་པ་ཆེན་པོ་ཡོད་ཀྱང་རང་རེ་ལ་ཤིན་ཏུ་དཀོན། འདི་དག་གི་རྩོམ་བསྒྲིག་ལ་དུས་དང་ཚེགས་དང་འབྱོར་བའི་གྲོན་ཆེན་པོ་དང་། མི་མང་པོའང་མི་དགོས་པས་སོ་སོའི་ནུས་པ་དང་བསྟུན་ནས་བརྩོན་པར་བྱ་ཞིང་། ཚིག་མཛོད་གང་ཞིག་རྩོམ་སྒྲིག་བྱེད་ཀྱང་རུང་ཐོག་མར་བསྒྲིག་ཚུལ་ལེགས་པར་ཤེས་དགོས་པས། དེའི་ཕྱིར་དུ་ཚིག་མཛོད་རིག་པ་ལ་ཞིབ་ཏུ་བསླབས་ནས་གཟོད་བརྩོན་པར་ཞུའོ། །
གཉིས་ནི། གཞན་རིག་གནས་གསར་པ་སོགས་ཀྱི་ཚིག་མཛོད་རྣམས་ནི། དབྱིན་ཡིག་གམ་རྒྱ་ཡིག་སོགས་ནས་བསྒྱུར་ཏེ་རྩོམ་བསྒྲིག་བྱ་དགོས་ཤིང་། དེ་ལ་ཐ་སྙད་མང་ཆེ་བ་ཞིག་གསར་དུ་བཟོ་དགོས་པས་ས་ཆ་ཕྱོགས་རེ་བ་དང་མི་འགའ་རེ་ཙམ་གྱིས་བཟོས་ན། ཐ་སྙད་རྣམས་ཕྱོགས་སུ་ལྷུང་ནས་ཐམས་ཅད་ཀྱིས་བཀོལ་ཐུབ་པ་ཞིག་འོང་དཀའ་ཞིང་ཕན་པ་ལས་གནོད་པ་ཆེ་བའང་སྲིད། དེས་ན་ཅིས་ཀྱང་ས་ཕྱོགས་སོ་སོའི་མཁས་པ་མང་པོ་མཉམ་དུ་ཚོགས་ནས་དཔྱད་བསྡུར་ཡང་ཡང་བྱས་ཏེ་གཏན་ལ་དབབ་དགོས། འདི་ནི་ཤིན་ཏུ་གལ་ཆེ་སྟེ། ཐ་སྙད་གསར་པ་མུ་མཐུད་དུ་བཟོ་མ་ཐུབ་ན། སྐད་ཡིག་གིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་སུ་མི་སླེབས་པས་མྱུར་དུ་ཉམས་པར་འགྱུར་རོ། །དེས་ན་མི་རིགས་ཤིག་ལ་རང་གི་ཕ་སྐད་ཀྱི་ཐ་སྙད་གསར་པ་གཏན་འབེབས་བྱེད་པའི་ཆེད་ལས་ཀྱི་སྡེ་ཁག་ཅིག་རྒྱུན་ཆགས་སུ་ཡོད་དགོས་ཏེ། འདི་ནི་ནམ་ཡང་མེད་ཐབས་མེད་པ་ཞིག་ཏུ་མཐོང་བས་ཅིས་ཀྱང་འབད་པར་ཞུའོ།།
གསུམ་ནི། རིས་སུ་མ་ཆད་པའི་མཁས་པ་རྣམས་མཉམ་དུ་བགྲོས་ནས་ཚིག་གསར་པ་གཏན་ཁེལ་བྱས་པ་རྣམས་ཡི་གེ་སྒྱུར་བ་དང་། སྐད་སྒྱུར་བ། ནམ་རྒྱུན་གྱི་འཚོ་བ་སོགས་ཐམས་ཅད་ཀྱི་སྐབས་སུ་སྣང་མེད་དུ་མི་གཞག་པར་ཅིས་ཀྱང་བཀོལ་བར་བྱ་དགོས་ཏེ། སྔོན་དུས་སུ་རྒྱལ་པོས་བཀས་བཅད་ནས་ཐམས་ཅད་ལ་གཅིག་གྱུར་དུ་བཀོལ་དུ་བཅུག་མོད། ད་ལྟ་དེ་འདྲའི་བཀས་བཅད་མེད་པས་མི་རིགས་རང་གི་རིག་གནས་དང་མདུན་ལམ་ལ་བསམས་ཏེ། རང་མོས་རང་རྟོགས་ཀྱི་སྒོ་ནས་སྐད་ཡིག་གཅིག་གྱུར་དང་ཚད་ལྡན་གྱི་ལམ་ལ་སྙེག་པར་ཞུའོ།།
སླར་སྨྲས་པ།
ཕ་མེས་རིག་ནོར་འཆི་མེད་བདུད་རྩིའི་དཔྱིད། །
སྟོབས་འབྱོར་ལུས་ཟུངས་ཉམས་པའི་གདོང་དམར་པའི། །
གསོན་འདོད་སྲོག་གི་ལྷག་མ་ཁྱོད་ལ་བརྟེན། །
འཚོ་འདོད་རེ་བའི་མིག་ཀྱང་ཁྱོད་ལ་གཏོད། །
དེ་ལྟ་ན་ཡང་ཁྱོད་ཀྱི་ལང་ཚོ་ནི། །
གོས་ཀྱི་འདབས་ཁ་བཞིན་དུ་མཐའ་ནས་ཟད། །
ལྷམ་གྱི་ཀོ་མཐིལ་བཞིན་དུ་དབུས་ནས་རལ། །
རྩྭ་ཡི་ཐག་པ་བཞིན་དུ་རྐེད་ནས་ཆད། །
དཔྱིད་ཀྱི་ཐལ་བ་བཞིན་དུ་རླུང་གིས་གཏོར། །
དབྱར་གྱི་ལྕགས་ཆ་བཞིན་དུ་བཙའ་ཡིས་ཟོས། །
སྟོན་གྱི་ལོ་མ་བཞིན་དུ་ཁ་དོག་འགྱུར། །
དགུན་གྱི་ཆུ་ཕྲན་བཞིན་དུ་འཁྱགས་པས་བསྡམས། །
དེ་ཕྱིར་ཁྱོད་ཀྱི་ལས་དབང་ནི། །
པདྨའི་རྩ་ལྟར་ཕྲ་བ་ལ། །
མངོན་པར་རྟོག་པའི་སེམས་ཀྱི་ནད། །
ཡིད་ཀྱི་པདྨོར་ཡང་ཡང་ལྷུང་། །
མི་བརྟན་སྲིད་པའི་འབྱོར་བ་སྟོན་ཀའི་སྤྲིན། །
འཕེལ་འགྲིབ་རེས་སུ་འོང་བ་བཟློག་མེད་ཀྱང་། །
སྲིད་ན་གཞལ་བར་དཀའ་བའི་རིག་པའི་ནོར། །
ཉིན་བཞིན་ཉམས་པར་གྱུར་པ་སུ་ཡིས་བཟོད། །
མགོ་འཐོམས་རྨོངས་པའི་གཉིད་དུ་མི་ཡུར་ཞིང་། །
གཞན་ཟེར་བྲག་ཆའི་རྗེས་སུ་མི་སྙེག་པར། །
ཕ་ནོར་རིན་ཆེན་སྲུང་བའི་ལྷག་བསམ་གྱིས། །
འབད་པ་བརྒྱ་འགྱུར་སྐྱེད་ཅིག་གངས་ཅན་པ། །
དེ་ལྟར་ཚིག་མཛོད་རིག་པའི་རྣམ་གཞག་གནད་བསྡུས་འདི་ནི། རྒྱལ་སྤྱིའི་ཚིག་མཛོད་རིག་པའི་མཁས་པ་སྐད་གྲགས་ཅན་ལ་ཏིའུ་སི་ལ་བི་ཟི་ཀོ་སི་ཐLadislavZgustaཞེས་པ་དང་། ཨ་རིའི་ཚིག་མཛོད་རིག་པའི་མཁས་པ་ལན་ཏོSidney l.Landauཞེས་པས་བརྩམས་པའི་ཚིག་མཛོད་རིག་པའི་གཞུང་དང་། ༢༠༡༤ལོར་གླང་རབ་དབྱིན་རྒྱ་ཤན་སྦྱར་ཚིག་མཛོད་ཀྱི་གཙོ་སྒྲིག་པ་ལམ་ལོས་ལེ་ཁེལ་མེནJulieKleemanལགས་ལ་ཁོ་བོས་ཚིག་མཛོད་རིག་པའི་སྐོར་གྱི་དོགས་འདྲི་བྱས་པའི་ལན་དང་། རྒྱ་ནག་གི་ཚིག་མཛོད་རིག་པ་སྨྲ་བའི་མཁས་པ་རྣམས་ཀྱིས་བརྩམས་པའི་གཞུང་འགའ་རེ་བཅས་ལ་གཞི་བྱས། རང་ཉིད་ཀྱིས་ཡུན་རིང་པོར་ཚིག་མཛོད་རྩོམ་བསྒྲིག་བྱས་པའི་ཉམས་མྱོང་གིས་ཟུར་བརྒྱན་ནས་རབ་གནས་ལྕགས་བྱི༢༠༢༠ལོའི་བོད་ཟླ༡༡པའི་ཚེས༡༧ཉིན་ཚུལ་ཁྲིམས་བློ་གྲོས་ཀྱིས་གྲོང་ཁྱེར་པདྨ་ཅན་དུ་རྫོགས་པར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10