མདང་ནུབ་ང་ཡི་རྨི་ལམ་དུ་གཡུ་ཡི་ཕྲེང་བ་ཞིག་རྨིས།

མདའ་ཅང་ཤེས།        2023-07-31

དྲན་པའི་ན་ཚོད་རྫོགས་པའི་ཕ་རོལ་ཏུ་དུངས་ཞེན་གྱི་ལས་ལ་བསྐོས་པའི་བརྩེ་བའི་རྣམ་ཤེས་ཡོད། འོ་དོད་ཀྱིས་ཕུད་པའི་འཇིག་རྟེན་གྱི་ཟང་ཟིང་འཇགས་པའི་སྔ་ནུབ་ཏུ། ང་རང་སྒྱུ་འཕྲུལ་ལྷ་ཡིས་བྱས་པའི་བཀོད་པ་བཞིན་སྐད་ཅིག་རེ་རེ་སྣང་བ་འདྲེས་པའི་ལོ་ཟླ་རྙེད། རྨི་ལམ་གྱི་སྙིང་པོ་རླུང་གིས་ཁུར་བས། སྐྲ་འདབས་ཁ་བས་མ་བརླན་ཡང་། ཨ་ཐང་ཆད་པའི་སེམས་པ་བྱུང་། བྱེད་པོས་བསམ་བཞིན་བྱས་པའི་མི་ཡུལ་གྱི་ཟློས་གར་དང་ཀུ་རེ་མཐའ་དག་འཁྲབ་ཚར་བའི་རྗེས་སུ། འུ་གཉིས་ནི་བརྩེ་བའི་དྲང་ཐིག་གཅིག་པའི་སྤྱིར་བཏང་གི་སེམས་པ་ཉམ་ཆུང་གཉིས་གཅིག་ཏུ་སྒྲིལ།

མཚན་འདིའི་མུན་པ་རྒྱང་རིང་ནས་སླེབས་ཤིང་། རྒྱང་རིང་གི་སྐར་ཚོགས་རེ་རེ་ཡང་སེམས་པའི་གུར་ཁྱིམ་དུ་ཤར། ཕ་ཡུལ་གཅིག་གི་ནམ་མཁའ་ནས་དུངས་པ་རླུང་གིས་ཁུར་ནས་ཀྱང་གཅིག་ཏུ་སྐྱེས་ཡོད། རྩེ་ཆུ་རིང་མོའི་འགྲམ་ངོགས་ནས་དྲན་པ་ཆུ་བོས་དེད་ནས་ཀྱང་མཉམ་དུ་འཕྲད་ཡོད། རྩྭ་སྐྱ་རླུང་གིས་འཁུར་བའི་དུས་ཚིགས་ཀྱི་སོ་བར་ནས་འུ་གཉིས་ཀྱིས་སེམས་པ་ཐོག་མར་འདྲེས་ཤིང་། སླར་ཡང་འཁོར་བའི་གཏམ་རྒྱུད་དུ་བྲིས་པའི་སྐད་ཆ་ཡང་མོ་ཞིག་ཀྱང་ན་ཚོད་ཀྱི་གསང་བར་ཉར།

དམ་བཅའ་རི་རབ་ཀྱིས་བརྩིགས་པས། དུངས་པ་མཚོ་མོར་གྱུར་བའི་སྣང་བ་བྱུང་བའང་འུ་གཉིས་ཀྱི་ལས། བར་ཐག་རི་ཆུས་མ་ཆོད་ཀྱང་། དྲན་པ་ན་ཟུག་ཏུ་གྱུར་བའི་ཚོར་བར་འཕྲད་པའང་འུ་གཉིས་ཀྱི་འདང་། རྣམ་དག་གི་བརྩེ་བ་བཙལ་བའི་གོ་རིམ་ཁད་ཀྱིས་བརྒལ་ཅིང་། ན་ཚོད་ཀྱི་བསླུ་བྲིད་བོར་བའི་ལམ་སྣེ་འདི་རུ། མཛའ་བ་གཅིག་ཏུ་བྱས་པའི་མི་ཡུལ་གྱི་དྲན་ཤིང་རིང་མོ་ཁྱེད། རི་མོ་ཞིག་གི་ཁ་དོག་ལ་སྐྱེས་ཤིང་རོལ་དབྱངས་ཤིག་གི་འགྱུར་ཁུགས་ལས་ཀྱང་རྙེད་པས། ང་ཡིས་ཀུ་རེ་ཁྲི་སྟོང་གིས་སྙན་ངག་རེ་རེ་མེ་ཡི་ཐལ་བ་རུ་བཏང་རྗེས། ཁྱེད་ཁོ་ནའི་སླད་དུ། ཁྱེད་རང་མཚོན་པའི་སྙན་ངག་སྔོན་ཆད་མ་འབྲི་པ་ཞིག་ཀྱང་བྲིས་ན་འདོད།

རྣ་བ་གཅིག་ཏུ་གཏད་པས་རོལ་དབྱངས་ཀྱིས་སེམས་པ་བརྐུས་ཤིང་། མིག་ཟུང་གཅིག་ཏུ་སྦྲེལ་བས་པར་མིག་གིས་ཀྱང་བརྩེ་བ་སྟོན། ཁྱེད་ཀྱི་གཉོམ་དུང་དུང་གི་སྐད་ཆ་འཇམ་པོ་དེ་དང་། ང་ཡི་རྩེད་དགོད་འདྲེས་མའི་གནས་ལུགས་མཐའ་དག་གི་ཁྲོད་དུ། འུ་གཉིས་ཀྱིས་འཇིག་རྟེན་གྱི་ཆོས་ཉིད་གླེང་ཞིང་བརྩེ་བའི་རྣམ་ཤེས་བཙལ། རྨི་ལམ་གྱི་རྒྱུ་བ་བསེར་བུས་དེད་པའི་ངེས་ཤེས་རྙེད་ལ། འཁོར་བའི་ཐང་ཆེན་ནས་སྙིང་གི་འཕར་ལྡིང་མཐོང་བའི་གཏན་གྱི་ཚེ་གྲོགས་རྙེད།

མདང་ནུབ་ང་ཡི་རྨི་ལམ་དུ་གཡུ་ཡི་ཕྲེང་བ་ཞིག་རྨིས། དེ་ནི་ཆུ་ཐིགས་ཤིག་གི་དྭངས་གཙང་འདྲ་བར་ང་ཡི་ལག་ཟུང་དུ་ཟགས། དེ་ཡང་རྗེ་བཙུན་འཕགས་མས་ཚེ་རབས་སུ། ང་ལ་གནང་བའི་བྱིན་རླབས་ཡིན་པར་སྙམ། ང་ཡིས་སྙན་ངག་གང་གིས་ཀྱང་མཚོན་མིན་ལ། མིག་ཅན་གཞན་གྱི་ལྟད་མོར་ཡང་མི་འགྱུར་བར། ཚེ་གཅིག་དུངས་པའི་མགུལ་རྒྱན་བྱས་ན་འདོད།



  • ལེ་ཚན་སྔོན་མ།:ང་ཡི་སྙིང་ལགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།