བྱ་ཁུ་ལོ་འཕུར་སའི་ནགས་ཀློང་ནས།

བྲན།        2023-07-31

དུས་དཔྱིད་དཔལ་སྒེག་མོའི་འགྲམ་ཆང་གིས་བྲན་པའི། །

མདོག་སྟོང་ལྡན་ལེགས་བྱས་མེ་ཏོག་གི་ཚལ་ནས། །

བྱ་ཁུ་ལོའི་ཐུགས་རྩ་ལྷོད་ལྷོད་ཅིག་ཡོང་ན། །

གསུང་སྙན་མོས་ཐོས་འཛིན་དབང་མེད་དུ་འགུག་འགྲོ། །

ནགས་ལྗོན་པ་དགའ་བའི་དུངས་སེམས་ཀྱི་རི་མོར། །

བྱ་ཁུ་ལོ་རྩེན་པའི་མཛེས་སྡུག་གིས་བཅིངས་དུས། །

སེམས་སྤོབས་པས་ཁེངས་པའི་མདོ་སྨད་ཀྱི་མགྲོན་པོ། །

གངས་ཁ་བ་གཤགས་ནས་རྒྱང་རིང་ལ་ཕེབས་སོང་། །

རི་སྟོང་ཕྲག་བརྒལ་བའི་ཕར་ངོགས་ཀྱི་རྒྱ་མཚོར། །

བྱ་སྣ་ཚོགས་རྩེན་པའི་རླབས་ཕྲེང་གིས་བསྐུར་པའི།།

འཕྲིན་དཀར་པོས་སེམས་པ་རྒྱང་རིང་གི་ཕྱོགས་ལ། །

དུས་ལན་གཅིག་ཁྲིད་པའི་སྣང་བ་འདིས་བཟི་སོང་། །

སྙིང་དམར་པོ་གས་པའི་གས་ཆག་ཅིག་མ་མཐོང་། །

ལམ་སྐྱ་མོ་འགྲིམས་པའི་གསང་ཚིག་གི་མདུད་པ། །

གྲོགས་ཁྱོད་ལ་བརྒྱུས་པའི་ནང་སེམས་ཀྱི་སྒྲོན་འོད། །

སྨག་མུན་པ་སངས་པའི་བརྡ་རྟགས་ལས་མི་འདུག །

ཞོགས་ཉི་ཟེར་ལི་ཁྲིའི་མདངས་འཛིན་གྱི་ཟེར་མས། །

སྤང་ཆེན་པོའི་རུམ་ཁ་དྲོད་ཐིག་གིས་ཟིན་ཞིང་། །

ནགས་གཡུ་ལོ་འཛུམ་པའི་དགའ་དུང་གི་ནེམ་ཤས། །

འགྲོ་གཟས་ན་སེམས་པ་གཉོམ་གཉོམ་གྱིས་གླན་ཡོང་། །

ལུས་ཚེ་གཅིག་སྐུད་པའི་དམ་ལྷོད་ཀྱི་བར་ནས། །

སྐྱུར་གཟས་ན་ཡ་ཆུང་སྨྲེང་བ་ཡིས་བཀང་ཡོང་། །

འདུག་བསམས་ན་མུན་པའི་སྨག་ཆེན་གྱིས་བཟའ་ཡོང་། །

ལས་འདུ་བྲལ་འཁོར་བའི་རང་གཤིས་ལ་གཏད་ཡོད། །

བྱ་ཁུ་ལོ་འཕུར་སའི་ནགས་ཀློང་གི་དགའ་མར། །

གསུང་གྲེ་འགྱུར་སྙན་པའི་དབྱངས་རྟ་ལ་མ་བཀུག །

གཤོག་རྒྱང་ལ་བརྐྱངས་པའི་ཞབས་ཆུང་གི་རི་མོ། །

ཆུ་གཙང་པོའི་གཞུང་གི་ཕ་བོང་ལ་དཔར་བཞག །

ལར་འཛོམས་པའི་སྨོན་འདུན་ཇོ་ཇོ་ལ་ཞུས་ཤིང་། །

བགེགས་བར་ཆད་སེལ་བའི་སྡོང་གྲོགས་ནི་མཛོད་ཅེས། །

སེམས་རྩེ་གཅིག་དད་པའི་སྐྱབས་འཇུག་གི་རིམ་པས། །

ལས་སྨོན་ལམ་བཏབ་པའི་གོ་རིམ་དེ་ཡག་བྱུང་། །

ཤེལ་ལྕུག་ཕྲན་ལྷུན་པོའི་གངས་ལམ་གྱི་སྐྱོ་སྡུག །

ཡིད་འཛིན་མེད་སྟོང་པའི་ཨ་སྔོན་ནས་ཤར་ན། །

ངའི་རྣམ་རྟོག་དྲན་ཤེས་ཟླ་དཀར་གྱི་ཟེགས་མ། །

སྤྲིན་ནག་པོས་བསྒྲིབས་འདྲའི་ངང་ཚུལ་འདིས་སྐྱོ་བྱུང་། །

ཡར་བལྟས་ན་གངས་རིའི་མགུལ་རྒྱན་གྱི་ཉི་ཟླ། །

དགུང་བཻཌཱུརྱ་སྔོན་པོའི་བར་སྣང་ན་གསལ་འདུག །

མར་བལྟས་ན་གངས་ཆུ་ཤམ་ཤམ་གྱི་བཞུར་སྒྲ། །

ས་རྒྱང་འགྲིམས་ཨ་སྐྱོའི་རྣ་བ་རུ་གཟན་བྱུང་། །

སེམས་ཁོ་ཐག་མ་ཆད་གོམ་སྟོབས་ཀྱི་བར་ནས། །

ལུས་ལྷུ་དྲུག་ཁེངས་པས་ཚོགས་དྲུག་གི་བུ་མོའི། །

ནང་དད་པ་མ་འགྱུར་འཕགས་མཆོག་གི་ཞལ་རས། །

སྙིང་འདབ་བརྒྱད་པདྨོའི་གེ་སར་ལ་བསྒོམས་ཡོད། །

གངས་བུ་ཡུག་བཙན་པོས་ངོ་གདོང་ནི་གཅུན་ཞིང་། །

སེམས་དངངས་སྐྲག་ཧད་ཧད་ཨུ་ཚུགས་ཀྱིས་སོང་ན། །

ཆར་འཁྱག་རོམ་ཁྲོད་ཀྱི་གངས་བྱིད་ཅིག་མིན་པས། །

བཟོད་དཀའ་ཐུབ་ཟེར་ན་དེ་དུས་སུ་བསྟེན་ཡོད། །

གནས་མི་གཅིག་ཁྱད་འཕགས་རྡོར་གླིང་གི་ཡུལ་ན། །

སྐྱབས་མི་གཅིག་ཁྱད་འཕགས་ཉིན་བྱེད་ཅིག་མེད་ན། །

རིགས་མི་གཅིག་ཁྱད་འཕགས་ཨུ་དུམ་གྱི་ཝ་རས། །

སྡུག་མི་གཅིག་ན་ཟུག་གཞོམ་ཐབས་ཤིག་མི་འདུག །

སྐྱིད་སྐྱ་རེངས་བུ་མོའི་གོང་ཁ་ནས་བཀྱགས་དུས། །

འདང་ཉི་གཞོན་འཛུམ་པའི་ས་ཆེན་གྱི་འདབ་ཁར། །

ནང་དད་སེམས་གྲོལ་བའི་པད་དཀར་གྱི་མིག་ལས། །

སྨྲེང་མཆི་མའི་ཐིགས་ཕྲེང་མཁུར་མགོ་ལས་ལྷུང་བྱུང་། །

ཕྱག་དྲོན་མོའི་འདབ་བཟང་འཁྲི་ཤིང་གི་གར་གྱིས། །

དབུ་ནག་ཆུང་སྲན་མ་བྱིལ་བྱིལ་ཞིག་གནང་རྗེས། །

གསུང་མགུར་མའི་དབྱངས་སྙན་རྣ་བ་རུ་བླུག་པས། །

བློ་ཀུན་ནས་གཡོས་པའི་དགའ་སྣང་གིས་ཁྱབ་སོང་། །

སྔོན་འདུན་མའི་སྒང་གི་ཕུགས་བསམ་གྱི་སྣང་བ། །

ལས་དར་ཅིག་སྨིན་པའི་དགའ་དུང་གི་སྣང་བས། །

ལུས་ཡན་ལག་མེད་པར་མགོ་རྟིང་ཀུན་ཁྱབ་པས། །

རྩ་འདབ་སྟོང་དམ་པའི་ངལ་དུབ་ཀྱིས་བཏང་བྱུང་། །

ཡུལ་ལྷོ་ཕྱོགས་གསེར་ལྡན་འཛིན་མ་ཡི་དཀྱིལ་འཁོར། །

དུས་གཅིག་ལ་མཐོང་བའི་བྱིན་རླབས་ཀྱི་ཟླ་ཟེར། །

ཐུགས་ཀུ་མུད་དགོད་པའི་གེ་སར་ལ་རེག་པས། །

ཡིད་གཅོམ་ཆུང་བཅོས་མའི་བརྫི་བག་གིས་སངས་སོང་། །

བློ་འཛིན་མེད་ལྷོ་མཐའི་བན་ཆུང་གི་སྣང་བས། །

མཐོངས་ཡངས་པའི་སྤྲིན་དཀར་ཕོན་པོ་དེ་རིག་ན། །

ཡུལ་ཐག་རིང་ཕྱོགས་ཀྱི་དྲིན་ཆེན་གྱི་མ་ལོའི། །

སེམས་གཉོམ་ཞིང་ཆུང་བ་ཡང་ཡང་དུ་དྲན་ཡོང་། །

ཡིད་དུངས་པའི་ཐིག་ལེར་སྨིན་ཐག་གིས་ཆོད་ཅིང་། །

ཞལ་རྒས་པའི་གཉེར་མ་ཤུར་ཤུར་གྱིས་བབས་དུས། །

བུ་གནམ་མཐའ་བསྐོར་བས་ཞེ་སེམས་ཀྱི་གཙང་པོར། །

དགོང་སྐར་ཚོགས་ངུས་པའི་ཁོང་འདར་གྱིས་ཅི་བྱ། །

སྟབས་མིའུ་ཐུང་གོམ་པས་རང་ཡུལ་ལ་བསྙེགས་ཏེ། །

རྒོངས་མུན་པའི་སྨག་གིས་མཆོར་ལྭ་ཡི་འོག་ནས། །

དྲིན་མ་ལོའི་གདོང་གི་གྱེས་བྲལ་གྱི་སྡུག་བསྔལ། །

དུས་སྐད་ཅིག་སངས་པའི་ཟླ་གཞོན་དེ་ཤར་བྱུང་། །

ཞལ་འཛུམ་དཀར་འོ་མའི་ཚེམས་ཕྲེང་གི་མཐའ་ནས། །

སྙིང་དམར་པོའི་དབུས་ཀྱི་དུངས་སེམས་ཀྱི་བརྩེ་བས། །

ངག་ལྐུག་ཅིག་འདར་བས་ལྷན་འཛོམས་དེ་བསུ་དུས། །

མིག་ཁྲ་ཆུང་མཆི་མའི་སྦྲང་ཆར་གྱིས་བརླན་བྱུང་། །

གསོན་ཁ་བྲལ་བྱུང་བའི་མཛའ་དུང་གི་ཐུགས་རྩར། །

དུས་གཏན་བྲལ་ཐེབས་པའི་སྙིང་སྡུག་གི་བུ་ཆུང་། །

སླར་འཛོམས་པ་བྱུང་བའི་བདེ་སྐྱིད་ཀྱི་མཛའ་གཅུགས། །

ཚེ་བསྐལ་པ་སྟོང་ལ་བརྗེད་ཐབས་ཤིག་མི་འདུག །



  • ལེ་ཚན་སྔོན་མ།:རང་ཉིད་གཉིས་སུ་ཕྱེ་བའི་སྙན་ངག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།