ཚེ་སྲོག་གི་ལྗང་མྱུག།

        2023-08-02

དེ་རིང་ནི་སྤྱི་ཟླ་དགུ་བའི་ཚེས་བཞི་རེད། ད་ནི་ཁྱོད་ཀྱི་སྐྱེས་སྐར་རོལ་རྒྱུར་ཉིན་བཅུ་དགུ་ལས་མི་འདུག། ཟླ་འགའི་སྔོན་དུ་ཁྱོད་ཀྱི་སྐྱེས་སྐར་གྱི་ཟླ་ཚེས་སོགས་ཐོས་རྗེས་རྟེན་འབྲེལ་མཚོན་བྱེད་ཀྱི་ལེགས་སྐྱེས་ཤིག་ལ་སྟ་གོན་སྔར་ནས་བྱས། དྲྭ་ལམ་ཁག་གི་བོད་ཀྱི་སྐྱེས་སྐར་རོལ་སྟངས་ཀྱི་དཔྱད་རྩོམ་གཙོས་ཡིག་ཆ་རེ་འགའ་འཚོལ་སྡུད་བགྱིས། རྗེས་སུ་ཁྱོད་ཀྱི་ཨ་མས་ཁྱོད་ཀྱི་སྐྱེས་སྐར་དང་འབྲེལ་བའི་རྩོམ་སྐུལ་གྱིས་སྣ་དྲངས་ཏེ་དུས་ཚོད་ཀྱི་བར་གླགས་དང་ལས་ཀའི་ཞར་ཞོར་དུ་བསམ་གཞིག་ལས་འཐུས་པའི་སྙིང་གཏམ་རེ་ཟུང་མཚན་མོར་ཡི་གེར་ཕབ་ཅིང་འཕྲི་སྣོན་སྣ་ཚོགས་བྱས།

བདེ་བར་ནར་སོན་དང་། ཚམ་ཚོམ་མེད་པར་ལམ་ལ་ཆས་དང་། ཁྱོད་ལ་གངས་དཀར་པོའི་དབུ་རྩེར་སེམས་པའི་ཡིད་ཀྱི་རེ་འདུན་གཙང་མ་བཅོལ་ས་ཞིག་དང་། མཚོ་སྔོན་མོའི་མ་ཁོག་ལྟ་བུའི་རིག་གཞུང་འབུམ་གྱི་ཉིང་བཅུད་འཚོལ་ས་ཞིག། ད་དུང་། སྤང་ལྗང་ལོའི་ཁ་ཞེང་དུ་འདོད་པའི་ཡིད་ཀྱི་དུང་སེམས་རུམ་གང་བྱོ་ས་ཞིག། ཁྱོད་ཀྱི་གཉོམ་དུང་དུང་གི་རྐང་པ་ཆུང་ཆུང་སྟེ་ས་སྒང་རིལ་མོ་འདིའི་ཁ་སྤྲད་དུ་གནས་པ་ནས་མི་རིགས་དང་རིག་གནས་ཞེས་པའི་འགན་འཁྲི་ཞིག་ལུས་དང་གྲིབ་བཞིན་འགྲོགས་ནས་ཡོད་པ་ཧ་ཨེ་གོ།

ན་ཚོད་ཆུང་ཆུང་གི་ཁྱོད་ལ་མཚོན་ན་ལུས་སེམས་གཉིས་ཨ་མའི་པང་ཁུག་ལས་ལོགས་སུ་མ་གྱེས་པའི་དུས་ཚོད་འདི་ནི་ཅི་འདྲའི་སྙིང་དུ་སྡུག། སྐབས་འདིའི་ཁྱོད་ཀྱི་བྱུང་བ་མཐའ་དག་མི་ཚེའི་གཙུག་གཡུར་ཆོངས་དང་། འཇིག་རྟེན་གྱི་ཁ་དོག་མི་འདྲ་བའི་རླངས་པ་སྣ་ཚོགས་ཀྱི་དྲི་མས་མ་གོས་པ་ཁྱོད་ལས་སུ་ཞིག་ཡོད། བཟོ་ལྟ་མ་བཅོས་པའི་འཛུམ་མདང་ཡང་ཡང་ཚེས་དང་།འཇིག་རྟེན་འདིའི་སྣོད་བཅུད་ཀུན་ན་ཆེས་དྭངས་གཙང་གི་སེམས་འདུན་མངའ་བ་ན་ཚོད་འདིའི་ཁྱོད་རང་ཡིན་པ་ཨེ་ཤེས།

ཁྱོད་ཀྱི་ཨ་མས་ཟབ་བཞུགས་ཀྱི་འཚོ་བ་ཞིག་གི་དབུ་འཁྱུག་དོན་ཁྱོད་རང་ཡོད་པས་ཡིན་སྐད། གང་ཞིག་གདོང་གིས་བསུས་ཤིང་སུ་ཞིག་བློས་བཏང་སྟེ་རྨི་ལམ་གྱི་གཙང་བོའི་རབ་ཁ་བརྒལ་དོན་ཁྱོད་རང་ཡོད་པས་ཡིན་ཟེར། ཁྱོད་ཉིད་ཁོ་ན་མིང་གི་གདགས་གཞི་མ་ཡལ་བའི་དབྱངས་གསལ་ལ་མི་ཚེ་བཅོལ་ཏེ་ཡ་མ་བརླའི་ཁྱུ་ཚོགས་ལས་རིང་དུ་གྱེས་པའི་རང་གི་རྣམ་ཤེས་ལ་རྒྱགས་ཕྱེ་སྩོལ་མཁན་ཞིག་དང་། འདས་པ་ལ་ངོ་མཚར་དང་མ་འོངས་པར་དངངས་སྐྲག་གིས་འཚོལ་དགོས་པ་ལྟ་བུའི་གནས་བབ་རེ་ག་དུས་ཡིན་ཡང་འགོག་མེད་དུ་ཡོད་ན་ཡང་། འབྱུང་འགྱུར་ནི་རིག་གནས་ཀྱི་གཏེར་སྒོ་སྣ་ཚོགས་ལས་གྲུབ་པས་ཁྱོད་ཀྱིས་རང་གི་ལུས་ངག་ཡིད་གསུམ་དལ་གྱིས་རྒྱུ་བའི་མཐོ་སྒང་གི་མཁའ་དབུགས་འདིས་ཞབས་ཁྲུས་ཐེངས་ཤིག་བྱོས་དང་། ཁྱོད་ཉིད་སུ་ཞིག་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལ་སྒོམ་དགོས་པའི་གནས་ལུགས་རེ་རེ་དལ་བུར་ཤེས་འགྲོ་ཨང་།

མཐོངས་ཡངས་པའི་མཁའ་དབྱིངས་སུ་ཆེས་དྭངས་གཙང་གི་སེམས་འདུན་གྱི་གཤོག་པ་རྐྱོངས་ལ་འཕུར་དང་། སྒེག་ལ་དཔའ་བའི་ཆོད་སེམས་ཀྱི་ང་རོ་སྒྲོག་གིན་རྨི་ལམ་གྱི་ཡང་སྙིང་ཚོལ་དང་། དར་རྒུད་གྱི་མདའ་ཆར་ལ་མི་འཇིགས་པའི་སྤོབས་སེམས་ཀྱི་རང་མདང་གྱོན་དང་། རྨ་རྒྱལ་སྦོམ་རའི་ཕྱི་ཐག་གི་རལ་བ་དཀར་བོ་ས་སྒང་འདིའི་སྲོག་ལྡན་ཡོངས་ལ་བརྐྱངས་པའི་ངོ་མཚར་ལ་སློབས་དང་། བདེ་སྡུག་གི་གླིང་བུ་ཚིག་གི་སྒྱུ་རྩལ་ལ་དྲངས་ཏེ་རང་སེམས་རང་གིས་གསོས་དང་། ཁོར་ཡུག་གི་མུན་པ་དང་རེ་དོགས་ཀྱི་དྲ་རྒྱ་སིལ་བུར་གཏོར་ཏེ་རང་ལམ་རང་འཚོལ་གྱིས་དང་། ཁྱོད་ལས་བདེ་སྐྱིད་ལྡན་ཞིང་གསོན་སྙིང་ཡོད་པ་སུ་ཞིག་མཆིས་ཨང་། བདེ་བར་ནར་སོན་ཤོག།གཅེས་ཕྲུག།

༼ གངས་ཆུ་ཤེལ། ༽


  • ལེ་ཚན་སྔོན་མ།:མདང་ནུབ་ང་ཡི་རྨི་ལམ་དུ་གཡུ་ཡི་ཕྲེང་བ་ཞིག་རྨིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།