སེམས་པའི་མུ་ཏིག་ཆབ་ཆབ།

        2023-08-02

རྟེན་འབྱུང་ངག་གི་གཙང་པོ་ཡིས། །

འཛིན་པའི་རང་བྱུང་ཆབ་ཀྱི་ཟླ། །

མཐོན་མཐིང་རལ་བར་མཛེས་བྱེད་པའི། །

སྨྲ་བའི་ལྷ་མོས་བདག་ལ་དགོངས། །

རང་སེམས་ནགས་ཀྱི་དྲ་བ་ལ། །

འཕྱང་པའི་མཛེས་ལྡན་ཨུཏྤལ་མ། །

དེ་རིང་སྙིང་གི་རྒྱ་མཚོ་རུ། །

བརྩེ་བའི་ཆབ་ཆབ་བཏབ་ནས་བྱུང་། །

འཁོར་བའི་མེ་དྲོད་སྐུས་པའི་ཞལ། །

དྲན་པའི་ལོ་ཟླར་འགྲོག་པ་ཡིས། །

སྣང་བའི་དྲན་གདུང་འདི་དག་གིས། །

ཁྱེད་རང་མཇལ་སྙིང་ཤིན་ཏུ་བྱུང་། །

སྐྱེ་འཆིའི་རླུང་གི་རྒྱུ་བ་རུ། །

ང་ཉིད་མར་མེར་མཚུངས་ན་ཡང་། །

དུང་སེམས་ལམ་བུ་རིང་མོ་འདི། །

ཅུང་ཟད་གསལ་ལ་ཅི་ཡང་སྨོན། །

འོན་ཏང་ཆགས་སྡང་སྤྲིན་པ་ཡིས། །

བསྡུས་པའི་དྲག་རླུང་ལྡང་ན་ཡང་། །

བརྩེ་བས་སྐྱོང་པའི་མེ་ཏོག་ནི། །

ནང་སེམས་དཀྱིལ་ན་བཞད་དེ་འདུག །

འཛུམ་པའི་གུམ་གུམ་གྲོལ་བ་ལས། །

བྱུང་བའི་ངད་པ་ཚོར་ཙམ་གྱིས། །

དགའ་བའི་སྤྱན་གྱི་བུང་བ་ཡང་། །

རང་བཞིན་འཁོར་འདི་ལས་དབང་ཡིན། །

བྱེ་མ་ཁུར་བའི་ལག་ནང་དུ། །

སྙིང་རླུང་འཚང་བ་མང་ན་ཡང་། །

དྲན་པའི་ནམ་མཁས་མ་བསླུས་པའི། །

འཇིག་རྟེན་སྐྱེ་དངོས་རབ་ཏུ་འབེལ། །

ཚེ་ཡི་དར་རྒུད་དབྱར་དགུན་གྱི། །

འགྱུར་བའི་གཤིས་སུ་མཐུན་ན་ཡང་། །

དྲི་མེད་ཕན་ཚུན་འཁྱུད་པ་ཡི། །

གཟུགས་མེད་སེམས་འདི་ལྟ་ན་སྡུག །

ཤིན་ཏུ་རང་དབང་མེད་གྱུར་པའི། །

སྨྲ་བའི་སྒོ་གླེགས་རྒྱག་བྱེད་ན། །

ཡིད་ཚོར་སྙན་ངག་འདི་དག་གིས། །

ཁྱོད་ཉིད་དྲན་པས་གདུང་བར་གྱུར། །

གལ་ཏེ་འགྱུར་མེད་གངས་ཀྱི་རིས། །

དམ་ཚིག་ཆུ་རྒྱུན་སྐྱོང་བྱེད་ན། །

ང་ཡི་མཛའ་བརྩེའི་མཚོ་ཆེན་དུ། །

ངང་པས་ཆབ་ཆབ་གཏོང་བར་བྱེད། །

ནགས་ཀྱི་འཇོལ་མོའི་འགྱུར་སྐད་ཀྱི། །

མགྲིན་པའི་ལང་ཚོ་འཇེབས་ན་ཡང་། །

ཁྱོད་ཀྱི་སྙིང་གཏམ་མར་ཁུ་ཡིས། །

འདང་གི་མར་མེ་གཟིམ་པར་མེད། །

ལས་འཕྲོའི་བསོད་ནམས་སྟིམ་པའི་སྒྲས། །

སྲོག་གི་མེ་ཏོག་བསླང་བྱེད་པས། །

སྐལ་བས་སྟོང་པའི་སྣང་བ་དང་། །

ལྷན་ཏུ་ནུབ་དགོས་སྙིང་ཉེ་བ། །

༼ སད་མ། ༽


  • ལེ་ཚན་སྔོན་མ།:ཁྱི་བསྔགས་བྱིས་པའི་འོལ་ཚོད་ཀྱི་གླུ།
  • ལེ་ཚན་རྗེས་མ།:རྒྱང་ལྟ།