འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོག་འགོ་བརྩམས།

        2023-08-02

ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་ནས་ད་ཐེངས་ཀྱི་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོག་འགོ་བརྩམས།
སྤྱི་ཟླ7པའི་ཚེས28ཉིན་གྱི་དགོང་མོར། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆའི་ཐོག་ནས་ཚང་མར་ཕྱག་གཡུག་གཡུག་གནང་སྟེ་འཚམས་འདྲི་ཞུ་བཞིན་པ་རེད།

འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོག་འགོ་བརྩམས།

སྤྱི་ཟླ7པའི་ཚེས28ཉིན། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ཚའེ་ཆི། ཏིང་ཞུའེ་ཞང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་འགོ་ཚུགས་མཛད་སྒོར་ཕེབས་པའི་གནས་ཚུལ་རེད།

ཚའེ་ཆི་དང་ཏིང་ཞུའེ་ཞང་།དེ་བཞིན་འཛམ་གླིང་གི་ས་གནས་ཁག་ནས་ཕེབས་པའི་མགོ་ཁྲིད་པ་དང་སྐུ་མགྲོན་མཛད་སྒོར་ཞུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་མཉམ་རོལ་དང་ལང་ཚོའི་ལེའུ་གསར་པ་མཉམ་རྩོམ་བྱེད། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པ་ཚེས28ཉིན་གྱི་དགོང་མོར་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པར་མ་ཟད་སྐབས་འདིའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཚའེ་ཆི་དང་ཏིང་ཞུའེ་ཞང་། དེ་མིན་འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་མགོ་ཁྲིད་མི་སྣ་དང་སྐུ་མགྲོན་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

ས་སྲོས་སུ་ཏུང་ཨན་མཚེའུ་ལུས་རྩལ་སྤྱི་གླིང་གི་ལུས་རྩལ་ཐང་གཙོ་བོར་གློག་འོད་ཁྲ་ཆིལ་ཆིལ་འཕྲོས་ནས་ངོ་མཚར་རབ་ཏུ་ཆེ། འགོ་ཚུགས་མཛད་སྒོ་མ་འཚོག་གོང་། ཁྲེང་ཏུའུ་ཡི་མཐོ་རིམ་སློབ་ཆེན་སློབ་མས་གསོན་ཤུགས་ཀྱིས་ཁེངས་པའི་རིག་རྩལ་འཁྲབ་སྟོན་བྱས་པས། ཚོགས་ར་ཡོངས་ཀྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།

ཆུ་ཚོད19དང་སྐར་མ58ཐོག《ཞི་བདེ། ལས་དབང་གཅིག་མཐུན་འདུས་གྲུབ》ཅེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨའེ་ཏེ་སོགས་དང་ལྷན་དུ་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས། ལྟད་མོ་བར་ཕྱག་གཡུག་གནང་ནས་གུས་འདུད་ཞུས། སྐབས་དེར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

འགྲན་རའི་དབུས་སུ་ཀྲུང་གོའི་རིག་གནས་ཤུལ་བཞག་གི་མཚོན་རྟགས“ཉི་མའི་ལྷ་བྱ”འཁོར་སྐྱོད་བྱས་པ་དང་བསྟུན་གསེར་འོད་བཅུ་གཉིས་ཆེམ་ཆེམ་དུ་འཕྲོས་ཡོང་། ཚོན་ཁྲ་ཅན་གྱི་ཤོག་སྦག་གིས་བར་སྣང་དུ་ལྡོག་རྩིས་གྲངས་ཀ་མངོན་པ་དང་ཚོགས་ར་ཡོངས་ཀྱི་ལྟད་མོ་བས་གྲངས་ཀའི་འགྱུར་ལྡོག་དང་བསྟུན་ནས་སྐད་གསེང་མཐོན་པོས་འབོད་ཅིང་། དགའ་འབོད་ཀྱི་སྒྲའི་ཁྲོད་མཚར་སྡུག་བཀྲ་བའི་མེ་ཏོག་མཚན་མོའི་སྐར་ཚོགས་སུ་བཞད་པ་དང་། ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།


ཏ་ལེའང་ཧྲན་གྱི་ཕྲུ་གུ་ཚོས་བཏང་བའི《རྒྱལ་དར་རྒྱལ་དར་དངོས་གནས་མཛེས་པོ་འདུག》ཅེས་པ་དང་མི་རིགས56གི་གཞོན་ནུ་ཚོས་མཉམ་དུ་བཏང་བའི《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་སྒྲའི་ཁྲོད། གཟབ་སྦྲེང་རུ་ཁག་གི་དམག་མི8ཀྱིས་གོམ་སྟབས་བརྟན་པོའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ལ་སྲུང་སྐྱོང་གིས་འགྲན་རའི་ནང་བསྐྱོད་ཡོད། ཚོགས་རའི་མི་ཚང་མ་ཡར་བཞེངས་ནས་སྐད་གསེང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་མཁའ་དབྱིངས་སུ་བསྒྲེངས།

ཆུ་ཚོད20དང་སྐར་མ07ལ་ལུས་རྩལ་པ་འགྲན་རར་འཛུལ་འགོ་ཚུགས་པ་དང་རྒྱལ་ཁབ་དང་ས་ཁུལ113ནས་ཡོང་བའི་སློབ་ཆེན་སློབ་མའི་ལུས་རྩལ་འཐུས་མི་ཚོགས་པས་སི་ཁྲོན་གྱི་དར་གོས་རི་མོས་བཟོས་པའི “མཛེས་ལྡན་ལམ་བུ”བརྒྱུད་གཅིག་རྗེས་གཉིས་མཐུད་ངང་འགྲན་རར་ཞུགས་པར་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། མཐར་མགྲོན་བདག་རྒྱལ་ཁབ་ཀྲུང་གོའི་འཐུས་མི་ཚོགས་པ་འགྲན་རར་འཛུལ་ཡོང་སྐབས། ཞི་ཅིན་ཕིང་ཡར་བཞེངས་ནས་ཕྱག་གཡུག་གཡུག་གིས་གུས་ལན་སྤྲད་པས་ཚོགས་ར་ཡོངས་སུ་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས། ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི700ལྷག་ཡོད་ཅིང་། དེའི་ཁྲོད་འགྲན་སྡུར་ནང་ཞུགས་མཁན་ལུས་རྩལ་པ411ཡོད་པ་དེ་དག་སྐབས་འདིའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས18ཀྱི་འགྲན་སྡུར་ནང་ཞུགས་རྒྱུ་རེད།

ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཧོའེ་ཅིན་ཕེང་གིས་ཤིས་ཚིག་ཕུལ་བ་དང་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཚབ་ཞུས་ནས། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཕེབས་པའི་ལུས་རྩལ་པ་དང་། རྩལ་སློབ་པ། ལག་རྩལ་དཔོན་རིགས། སྐུ་མགྲོན་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཁོང་ཚོས་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་དང་། ལང་ཚོའི་ཉམས་འགྱུར་མངོན་པ། མཐུན་སྒྲིལ་གྱི་མཛའ་གྲོགས་གཏོད་པ་བཅས་བྱ་རྒྱུའི་སྨོན་འདུན་ཞུས།

རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨའེ་ཏེས་ཤིས་ཚིག་ཕུལ་སྐབས། ཀྲུང་གོའི་སྲིད་གཞུང་དང་། སི་ཁྲོན་ཞིང་ཆེན་དང་ཁྲེང་ཏུའུ་གྲོང་ཁྱེར། དེ་བཞིན་དེའི་ནང་ཞུགས་མཁན་ཚང་མས་རེ་སྒུག་ཆེན་པོ་བྱེད་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཐུན་མོང་ཐོག་གཏོད་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འགྲན་སྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པར་སྨོན་འདུན་བཟང་པོ་ཞུས། ཆུ་ཚོད21དང་སྐར་མ16ཐོག་མི་སེམས་འགུལ་བའི་འགོ་ཚུགས་མཛད་སྒོ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་། དེ་འཕྲལ་ཚོགས་ར་ཡོངས་སུ་དགའ་སྤྲོས་ཁེངས་པ་དང་། འོད་ཆེམ་ཆེམ་གྱི་ཚོན་ཁྲ་ཅན་གྱི་ཤོག་སྦག་མཁའ་དབྱིངས་སུ་སྦར་བ་དང་བསྟུན“དགའ་བསུ་ཞུ”ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་མངོན།

རང་རྒྱལ་གྱི་ཕུལ་བྱུང་གཞོན་ནུ་ལུས་རྩལ་པ་དང་དང་བླངས་པའི་འཐུས་མི་བརྒྱད་ཀྱིས་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་འཁྱེར་ནས་འགྲན་རར་ཞུགས། རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གླུ་བཏང་བ་དང་སྦྲགས་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་དལ་གྱིས་བསྒྲེངས་ནས་སྐར་ལྔའི་དར་དམར་དང་མཉམ་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

ལུས་རྩལ་པ་ཐང་ཙེ་ཐིང་དང་ཤན་འབྱེད་པ་ལིའུ་ཅང་གིས་ཁག་སོ་སོར་འགྲན་སྡུར་ནང་ཞུགས་མཁན་ལུས་རྩལ་པ་དང་ལག་རྩལ་དཔོན་རིགས་ཡོངས་ཀྱི་ཚབ་ཞུས་ཏེ་དམ་བཅའ་བཞག། དེའི་རྗེས་རིག་རྩལ་འཁྲབ་སྟོན《ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད》ཅེས་པ་འཁྲབ་སྟོན་བྱེད་འགོ་ཚུགས། འཁྲབ་སྟོན་དེ《ལང་ཚོའི་འོད་མདངས》《ལང་ཚོའི་གསོན་ཤུགས》《ལང་ཚོའི་མཛའ་གྲོགས》བཅས་ཁག་གསུམ་དུ་དབྱེ་ཡོད། 《ལང་ཚོའི་འོད་མདངས》ནང་ཡར་ངོའི་ཟླ་བཞིན་ཡར་རྒྱས་འགྲོ་བཞིན་པའི་ན་གཞོན་ཚོས་འཚོལ་ཞིབ་ཚད་མེད་དང་ཉི་འོད་ཕྱོགས་སུ་བསྐྱོད་པའི་འགྱུར་མེད་ཀྱི་རེ་འདོད་མཚོན་པར་བྱས་ཡོད། 《ལང་ཚོའི་གསོན་ཤུགས》ནང་ན་གཞོན་སློབ་ཆེན་སློབ་མས་ཤུགས་ཡོད་རྒུས་རྒྱུག་པ་དང་གསོན་ཤུགས་རབ་ཏུ་རྒྱས་པའི་རྣམ་པ་མངོན་པར་བྱས་ནས། ལུས་རྩལ་གྱིས་མི་རྣམས་ལ་དགའ་སྣང་དང་སྤྲོ་སྣང་སྦྱིན་པ་མཚོན་ཡོད། 《ལང་ཚོའི་མཛའ་གྲོགས》ནང་ན་གཞོན་སློབ་ཆེན་སློབ་མ་དང་སྙིང་ལ་སྡུག་པའི“མཛའ་གྲོགས་ཕོ་ཉ་བྱི་ལ་དོམ”གྱིས་དགའ་སྤྲོའི་རོལ་དབྱངས་ཁྲོད་བྲོ་འཁྲབ་པ་དང་ལང་ཚོའི་འདུ་འཛོམས་ཁྲོད་མཛའ་གྲོགས་རྙེད་པའི་རྣམ་པ་མཚོན་པར་བྱས་ཡོད། ཆུ་ཚོད21དང་སྐར་མ40ཡི་ཐོག་དཔལ་འབར་གཙོ་བོ་སྦར་བའི་མཛད་སྒོ་འགོ་ཚུགས། འདས་ཟིན་པའི་ཟླ་བ་གཅིག་ལྷག་ཙམ་ནང་དབྱི་ཊ་ལིའི་ཏུའུ་ལིན་ནས་བླངས་པའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སྔ་རྗེས་སུ་པེ་ཅིན་དང་ཧའར་པིན། ཧྲེན་ཀྲེན། ཁྲུང་ཆིང་། དབྱི་པིན། ཁྲེང་ཏུའུ་སོགས་ཀྱི་མཐོ་སློབ་མང་པོར་བརྒྱུད་སྤྲོད་བྱས་ཤིང་། མཐར་ཏུང་ཨན་ཧུའུ་ལུས་རྩལ་སྤྱི་གླིང་གི་ལུས་རྩལ་ཐང་གཙོ་བོར་འབྱོར་ཡོད།

འགྲན་རའི་དཀྱིལ་དུ“ཉི་མའི་ལྷ་བྱ”རི་མོའི་དཔལ་འབར་དལ་གྱིས་འབར་འགོ་ཚུགས། མཁའ་སྐྱོད་པ་ཡེ་ཀོང་ཧྥུའུ་སོགས་དཔལ་འབར་འཁྱེར་མཁན31གིས་དཔལ་འབར་འཁྱེར་ནས་འགྲན་རར་ཞུགས། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོག་དཔལ་འབར་འཁྱེར་མཁན་རྣམས་དཔལ་འབར་འཇོག་གནས་སུ་རྒྱུག་ནས་སྒོར་སྒོར་བཟོས་ཏེ་ལག་ནང་གི་དཔལ་འབར་གྱིས“ཉི་མའི་ལྷ་བྱ”ལ་མེ་སྦར་བས། དེ་མུར་བཀྲག་མདངས་རབ་ཏུ་རྒྱས། སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རབ་ཏུ་འབར་བའི་ཐོག་ནས། འཛམ་གླིང་ཡོངས་ཀྱི་སློབ་ཆེན་སློབ་མའི་ཉི་འོད་ལྟ་བུའི་འོད་སྟོང་འཕྲོ་བའི་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་བྱས་ཡོད། ན་གཞོན་སློབ་ཆེན་སློབ་མ་ཚོས་དཔལ་འབར་འོག་འཛོམས་ནས་འགོ་ཚུགས་མཛད་སྒོའི་བརྗོད་དོན་གཙོ་བོའི་གླུ་གཞས《ཕུགས་འདུན་མངོན་འགྱུར》ཞེས་པ་མཉམ་དུ་བཏང་བས། ལུས་རྩལ་ཐང་ཡོངས་དགའ་སྤྲོས་ཁེངས། འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་གྲས་སུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་སྐུ་ཟླ་དབྱི་ལི་ཡ་ན། མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཚི་ཝ་ཉི། པུ་རུན་ཏིའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡེ། ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི། ཀེ་རུ་ཅི་ཡའི་ཙུང་ལི་ཅ་ལི་པ་ཧྲི་ཝུའེ་ལི་བཅས་ཡོད།

ཝང་དབྱི་དང་ལི་ཀན་ཅེ། ཝང་ཞའོ་ཧུང་། ཧྲེན་དབྱི་ཆིན་བཅས་འགོ་ཚུགས་མཛད་སྒོར་ཕེབས་ཡོད།

རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་གཙོ་བོ་ཡང་འགོ་ཚུགས་མཛད་སྒོར་ཕེབས་ཡོད།།

( ཀྲུང་གོ་བོད་ཀྱི་དྲ་བ་ནས་དྲངས།)


  • ལེ་ཚན་སྔོན་མ།:དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་ཧུར་
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།