རྒྱང་ལྟ།

        2023-08-02

རྒྱང་རིང་རི་བོས་རི་བོ་གནོན་འདུག་རི་བོའི་དབུ་ལ་རྨོག་དཀར་གྱོན།།

རི་རྐེད་སྤང་ལ་རྩི་ལོས་བརྒྱན་འདུག་གཡུ་ལ་གཟི་བྱུར་བཀོད་པ་འདྲ།།

ཤག་ཤག་ཆུ་བོས་ཆུ་བོ་མཐུད་འདུག་ཆུ་བོའི་སྣེ་མོ་མཚོ་ལ་ཟུག།

ཁོ་བོའི་ཚོགས་དྲུག་བདེ་བས་མྱོས་ཏེ་ཚོར་འདུ་སྣ་ཚོགས་ངག་ལ་འཁུ།།

ཚང་ཚིང་གཡུ་ལོའི་འདུ་རྒོད་གསེང་ནས་ཤ་བ་ཕོ་མོ་བག་ཕེབས་རྒྱུ།།

བན་བུན་མཚམས་ཀྱི་རི་སྐྱེས་སྣ་ཚོགས་མཆོང་ལྡིང་རྩེ་དགའི་དཔལ་ལ་རོལ།།

རྩི་ཤིང་ཚོགས་ཀྱི་ལོ་འདབ་རེ་རེར་ཉི་མའི་ལན་བུས་བྱིལ་བྱིལ་གཏོང་།།

མ་བྲིས་དབྱར་གྱི་རི་ལུང་མཛེས་ལྗོངས་སྙན་ངག་སྟོང་གི་བརྗོད་བྱར་མཆིས།།

ཟུར་གསུམ་རྩེ་མོ་དགུང་ལ་ཟུག་པའི་བརྗིད་ཆགས་རི་བོ་སྨུག་པས་བཟུང་།།

མརྒད་སྤང་ལ་མཛེས་དཔལ་རྫོགས་པའི་འདབ་ལྡན་མེ་ཏོག་འཛུམ་གྱིས་དགོད།།

ཞིམ་མངར་རོ་བཅུད་བདུད་རྩིའི་སྙིང་པོ་རྐང་དྲུག་མགྲོན་པོས་འཛེམ་མེད་ལེན།།

བརྒྱད་གཉིས་ལང་ཚོའི་དཔལ་ཡོན་ལྷུན་རྫོགས་དབྱར་གྱི་བུ་མོ་ཨེ་མ་རྨད།།

དྲི་བཞོན་རླུང་བུའི་ཤུགས་ཀྱིས་འགུལ་བའི་ལྗོན་ཤིང་ལོ་མས་མི་རྟག་སྟོན།།

དབྱངས་སྙན་མཛེས་མའི་སྒྲ་ལ་ཉོན་དང་གནའ་རབས་མེས་པོའི་ལོ་རྒྱུས་གླེང་།།

མེ་ཏོག་འཐུ་བའི་ཆུ་བོར་ལྟོས་དང་དུས་རབས་ཤིག་གི་འཕོ་འགྱུར་མངོན།།

མ་བཅོས་འཛིན་མའི་རང་བྱུང་སྣང་བརྙན་ཡིད་འོང་ལྷ་ཡི་ཁོར་ཡུག་འདྲ།།

རི་སུལ་གཡག་གི་སུག་གཞི་འཐབ་པའི་རྨིག་རྗེས་རི་མོར་ཆུ་ཞག་འཁྱིལ།།

སྨུག་པས་བདས་པའི་གནའ་བ་ཁྱུ་ཚོགས་སྲ་མཁྲེགས་རྫ་རིའི་རྩེ་མོར་བསྙེགས།།

སྙིང་རྩིད་དྲུད་བའི་བྲེ་སེར་འབྲོང་ཕོས་ས་མཐོ་སྲུང་བའི་རྔ་རྔོག་གསིག།

ཕྱི་རོལ་མཛེས་པའི་རི་ཀླུང་ཉུལ་ན་ལོ་རྒྱུས་རིང་མོ་འདི་ན་འདུག།

མཐིང་སྨུག་སྦྲ་ཁྱིམ་གཤོག་པའི་འདབས་སུ་འབྲོག་མོའི་ལག་གཡས་ཐོད་ལ་ཀེར།།

ཕར་གའི་ཉག་ཀའི་རྩྭ་ལ་བཀྲམ་པའི་འབྲི་མོ་ཁྱུ་ཚོགས་མིག་གིས་སྲུང་།།

ལྷས་རའི་ཕྱི་ནང་དྲི་བཞོན་རླུང་བུས་མར་ཕྱུར་འོ་མའི་དྲི་བསུང་གཏོར།།

དུངས་སྣང་རླབས་རིས་གདོང་ལ་གཡོ་བའི་འབྲོག་མོའི་འཚོ་བ་ལྷང་ངེར་གསལ།།

མ་སྨིན་ཞིང་ཁའི་འབྲུ་སྣའི་ལྗང་བུར་རེ་ཞགས་སྟོང་གི་རྨི་ལམ་སྦྲུམ།།

བཟང་དྲུག་སྨན་རྩྭའི་དྲི་ངད་ཞིམ་པོས་བཞི་རྒྱ་རྩ་བཞིའི་ནད་ཀུན་འཇོམས།།

མ་བྲིས་རང་བྱུང་བུ་མོའི་སྒེག་ཉམས་རང་སེམས་གསོ་བའི་སྨན་མཆོག་སྟེ།།

མེ་ཏོག་ཚོམ་བུས་རི་ལུང་བརྒྱན་པའི་དུས་ཚིགས་དེ་ལ་ཁོ་བོས་བསྔགས།།

༼ གློག་འགྱུ། ༽


  • ལེ་ཚན་སྔོན་མ།:སེམས་པའི་མུ་ཏིག་ཆབ་ཆབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།