ཧྲེན་དབྱང་གིས་སེར་ཤུལ་རྫོང་དུ་སྒྲོག་འགྲེལ་དང་རྟོག་ཞིབ་གནང་།

        2023-08-11

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ཧུར་ཐག་གིས་མཐོ་རུ་གཏང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་བརྩམ་དགོས།

     སྤྱི་ཟླ8པའི་ཚེས5ནས་ཚེས7ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་སེར་ཤུལ་རྫོང་དུ་ཕེབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སྒྲོག་འགྲེལ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་ཟབ་པོ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་མཐར་ཕྱིན་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་འཁུར་བ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་རྨ་འབྲི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ཧུར་ཐག་གིས་མཐོ་རུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ཧུར་ཐག་གིས་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།  

     མིག་སྔར། ཁུལ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ལ། ས་གནས་ཁག་གིས་སློབ་སྦྱོང་གཏིང་ཟབ་ཡིན་མིན་དང་། དྲིལ་བསྒྲགས་ཏན་ཏིག་བྱེད་མིན། དོན་འཁྱོལ་ཞིབ་ཕྲ་བྱེད་མིན་བཅས་ལ་ཧྲེན་དབྱང་གིས་དོ་ཁུར་ཆེན་པོ་གནང་བཞིན་ཡོད། སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ངོ་སྤྲོད་བྱས་པར་གཞིགས་ན། ཧྲེན་དབྱང་གིས་ལས་ཁུངས་དང་། ཡུལ་ཤོག་དང་གྲོང་རྡལ། གྲོང་ཚོ། འབྲོག་ཁུལ། དགོན་སྡེ་བཅས་སུ་ཕེབས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སློབ་སྦྱོང་ལག་བསྟར་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། བརྩེ་སེམས་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་རྒྱས་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སི་ཁྲོན་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ནས་སི་ཁྲོན་དུ་གཟིགས་ཞིབ་དང་མཛུབ་ཁྲིད་ཐེངས་མང་གནང་མྱོང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ཐེངས་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བ་དང་འབྲེལ་ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དེ་ནི་སི་ཁྲོན་གྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་གསུམ་ལས་ཐོབ་པའི་གྲུབ་འབྲས་རེ་རེ་དང་ཡར་རྒྱས་རེ་རེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ་ཡིན་ལ། ཏང་གི་རིགས་པའི་གཞུང་ལུགས་ཚན་རིག་དང་མཐུན་པའི་གསར་གཏོད་ཀྱི་མཛུབ་ཁྲིད་ལས་བྱུང་བའི་འབྲས་བུ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དོན་སྙིང་གཙོ་བོ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་བས་གཏིང་ཟབ་ལ་བྱང་ཆུད་པར་བྱས་ཏེ་དེ་བས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་སྲུང་སྐྱོང་དང་། སྲོག་ཤིང་གི་རྗེས་སུ་དམ་པོར་འབྲང་བ། དེ་བས་རང་རྟོགས་ངང་གནས་ཐིག་གཏན་འཁེལ་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་ཞིང་ཆེན་ཨུ་ལྷན་གྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཡིད་ཆེས་ལྡབ་བརྒྱ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་དགོས། 

    

     སེར་ཤུལ་རྫོང་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོ་གལ་ཆེན་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་མཁོ་སྤྲོད་ས་ཁུལ་གལ་ཆེན་ཞིག་ཡིན་ལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་གཙོ་གནད་ས་ཁུལ་ཞིག་ཀྱང་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་ཁུར་ཡོད། ཧྲེན་དབྱང་གིས་ཆར་པར་མ་འཛེམས་པར་འབྲི་ཆུའི་སྟོད་རྒྱུད་འབྲི་ཆུའི་མགོ་ཁུངས་ཀྱི་སེར་ཤུལ་རྫོང་བཙན་མདའ་ཡུལ་ཤོག་ནས་རྨ་ཆུའི་མགོ་ཁུངས་ཀྱི་བ་ཡན་ཁྲ་ལའི་རྒྱུད་ཀྱི་ཁྲོམ་གཟའ་གོང་མ་ཡུལ་ཤོག་ཏུ་ཕེབས་ཏེ་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་དུ་སྐོར་སྐྱོད་གནང་བ་དང་། ཡུལ་དངོས་ནས་ཆུ་སྐྱིལ་གསོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་། འདམ་ར་ཉམས་གསོ་དང་རྩྭ་ཐང་བྱེ་འགྱུར།ཨ་བྲའི་གནོད་འཚེ་སོགས་ཀྱི་གནད་དོན་བཅོས་སྒྲིག་དང་དེ་བཞིན་ས་མཐོའི་འབྲོག་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་བྱས་ནས་ཐག་རིང་ལུང་ཁུག་དང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། དུས་ཡུན་རིང་པོར་རྨ་ཆུའི་མགོ་ཁུངས་སྐྱོང་མཁན“ཁྲོམ་གཟའ་གོང་མའི་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་རང་འདུན་རུ་ཁག”ལ་དར་ཆ་གནང་། ཁོང་ཚོར་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་བྱེད་མཁན་གལ་ཆེན་དང་།སི་ཁྲོན་ནུབ་བྱང་གི་སྒོ་མོ་དབྱེ་བའི་ཞིང་ཆེན་ས་ཁོངས་ཀྱི་ས་ཞིང་སྲུང་སྐྱོང་བྱེད་མཁན་གལ་ཆེན། ས་མཐོའི་དཀའ་ཚེགས་ཆེ་བའི་ཁོར་ཡུག་གི་མིའི་རིགས་ཀྱི་སྙིང་སྟོབས་སྲུང་སྐྱོང་བྱེད་མཁན་གལ་ཆེན་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། སེར་ཤུལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས“འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བའི་ཐད་མུ་མཐུད་ཤུགས་རྒྱག་པའི”སྐོར་གྱི་མཛུབ་སྟོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ངེས་གནས་ལ་གཞི་ཚུགས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་ཁྲོམ་གཟའ་གོང་མ་རྒྱལ་སྤྱིའི་འདམ་ར་གལ་ཆེན་ཡག་པོ་བསྐྲུན་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཧྲེན་དབྱང་གིས་ད་དུང་འཇུ་རྙིང་ཡུལ་ཤོག་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཉམས་གསོ་བྱ་ཡུལ་དང་། ཕྱག་ཚྭ་གྲོང་རྡལ་གྱི་རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་བྱ་ཡུལ་དུ་ཕེབས་ཏེ་གནད་དོན་བཅོས་སྒྲིག་གི་ཕན་འབྲས་ལ་གཟིགས་ཞིབ་གནང་ནས་ས་གནས་དེ་གར་དམ་འཛིན་ལྷོད་མེད་དང་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་མཚོ་བོད་མཐོ་སྒང་དང་འཕྲེད་བཅད་ས་ཁུལ་ཆེན་མོའི་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་དང་ས་གཙང་གི་ནམ་མཁའ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


     མཇུག་བསྒྲིལ་མ་ཐག་པའི་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས“དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུའི་ཐད་གནད་སྨིན་ཤུགས་རྒྱག་པའི”སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི“བཟོ་ལས་ཅན་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི”བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། དཀར་མཛེས་ཁུལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པར་དམིགས་ནས་བརྒྱུད་རིམ་ལྡན་པའི་ཇུས་འགོད་བྱས་པ་དང་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་ཐོན་ལས་དམ་འཛིན་དང་ཐོན་ལས་དར་སྤེལ་ཤུགས་ཆེན་གཏོང་རྒྱུའི་སྐུལ་སློང་བྱས་པ་རེད། ཧྲེན་དབྱང་གིས་བེ་མདའ་ཡུལ་ཤོག་གཡང་པ་གྲོང་ཚོའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་དང་། བཙན་མདའ་ཡུལ་ཤོག་བསྟན་རྡོ་རིག་གནས་འཕྲིན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་སོགས་སུ་ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་དང་། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ་ནི་ཁྱོན་ཡོངས་ལ་དམིགས་པ་དང་། དུས་ཀྱི་འཁོར་ཕྱོགས་ཡིན་པ། དོན་དངོས་དང་མཐུན་པ་བཅས་ཀྱི་དགོས་མཁོ་ཞིག་རེད། སེར་ཤུལ་རྫོང་གིས་འབྲོག་ཁུལ་གྱི་ཐོན་ལས་དེང་རབས་ཅན་དུ་འགྱུར་བའི་ལག་ལེན་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་ཡུལ་སྡེ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་རྨང་གཞིའི་ཐོག་ཁུལ་ཡོངས་ཀྱིས“དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ”གཏོད་རྒྱུར་དམ་པོར་དམིགས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་ཚུགས་ཏེ་གཞི་ཁྱོན་ཅན་དང་། ཁྲོམ་ར་ཅན། སྤུས་རྟགས་ཅན། གྲངས་གཞི་ཅན་བཅས་ཀྱིས་ཁྲིད་སྟོན་བྱས་ཏེ་སྐྱེ་ཁམས་དང་། རིག་གནས། ཞིང་འབྲོག། ཡུལ་སྐོར་བཅས་མཉམ་འདྲེས་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་རེད།


     བརྟག་ཞིབ་གནང་རིང་། ཧྲེན་དབྱང་གིས་ད་དུང་ཁྲོམ་གཟའ་གོང་མ་ཡུལ་ཤོག་སྡེ་བ་འགའི་རུ་བའི་སྦྲ་གུར་ནང་ཕེབས་ཏེ། ཁོ་ཚོའི་ཐོན་སྐྱེད་དང་། འཚོ་བ། ཁྱིམ་ཚང་གི་ཡོང་འབབ། བུ་ཕྲུག་སློབ་གྲྭར་བསྐྱོད་ནས་ལས་ཞུགས་ཐུབ་མིན། ཐུམ་འབུའི་ནད་འགོག་བཅོས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོ་ཚོས་སྐྱེ་ཁམས་སྲུང་སྐྱོང་བྱ་ཆེད་རང་སྲོག་བློས་གཏོང་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁོ་ཚོར་དྲིན་ཚོར་ཡར་བརྩོན་དང་ཡིད་ཆེས་ཀྱི་བསམ་པ་བཅངས་ནས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ཤིང་། ལས་བརྩོན་གྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་དེ་བས་ཡག་པོ་སྐྱེལ་དགོས་ཞེས་གསུངས་པ་རེད། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་ལ་མང་ཚོགས་ཀྱིས་སེམས་ཁྲལ་བྱ་ཡུལ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་ཕྱོགས་ལ་ཡིད་འཇོག་དང་བསམ་བློ་བཏང་ནས་འབྲོག་པའི་གཞིས་ཆགས་ཁུལ་དང་གནས་སྐབས་བཅའ་སྡོད་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཀྱི་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།


ཁུལ་གྱི་མགོ་ཁྲིད་ཡོན་མིང་ཀོང་དང་ལུའོ་ལིན། སེར་ཤུལ་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་ནང་ཞུགས་པ་རེད།



ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10