ཀྲའོ་ཅུན་མིང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་།

སྐལ་ཐུབ་ཀྱིས་བསྒྱུར།        2023-08-08

   ཀྲའོ་ཅུན་མིང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་།

   སྤྱི་ཟླ8ཚེས2ནས4ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་ཅུན་མིང་རང་ཁུལ་སེར་ཤུལ་རྫོང་དུ་ཕེབས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བསྟར་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ཤུགས་ཆེན་བྱས་ཏེ། ནམ་ཡང་ཐུགས་ཁུར་བློ་ལ་བརྟན་པོར་ངེས་པ་དང་། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་ཅིང་། དྲིན་ཚོར་ཡར་བརྩོན་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་གསར་པ་ཧུར་ཐག་བརྩམས་ནས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས་པའི་ནན་གསུང་གནང་བ་རེད།

     སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་ཤོས་དང་། ས་བབ་མཐོ་ཤོས། ས་གཤིས་གནས་ཡུལ་ཐག་རིང་ཤོས་ཀྱི་རྫོང་ཞིག་ཡིན། ཀྲའོ་ཅུན་མིང་སྔ་ཕྱིར་སེར་ཤུལ་རྫོང་སེར་ཤུལ་དགོན་དང་། གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས། དཔལ་དགེ་མ་ཎི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་། ཉག་ཆུའི་སྐྱེ་ཁམས་བཅོས་སྐྱོང་ས་ཚུགས། ཕུག་ཁང་ཐང་འདམ་རའི་སྤྱི་གླིང་། ཐང་བོད་གནའ་ལམ། སྒྲོལ་མ་ལྷ་ཁང་། འབུམ་ཤོག་བཅོ་བརྒྱད་པའི་བོད་སྐྱོད་བཤམས་སྟོན་ཁང་། འདན་མ་ཞིང་ལས་ལྟ་སྐོར་ཚན་རྩལ་དཔེ་སྟོན་གླིང་སོགས་སུ་ཕེབས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བསྟར་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། ཡུལ་སྡེ་དར་རྒྱས། མི་རིགས་ཆོས་ལུགས། དགོན་པ་དོ་དམ་བཅས་ཀྱི་ལས་དོན་རྟོག་ཞིབ་གནང་བ་དང་སྦྲགས་ལས་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་ཡང་གནང་བ་རེད།  

       ཀྲའོ་ཅུན་མིང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་སི་ཁྲོན་གྱི་ལས་དོན་ལ་མཐོང་ཆེན་དང་སི་ཁྲོན་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སི་ཁྲོན་དུ་ཐེངས་མང་ཕེབས་ནས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་ཡོད། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བ་དང་འབྲེལ་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དེ་ནི་སི་ཁྲོན་གྱི་བསྒྱུར་བཅོས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཡོད་པའི་དོན་ཆེན་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ཐེངས་སི་ཁྲོན་དུ་གཟིགས་ཞིབ་ཏུ་ཕེབས་ནས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་ནང་དོན་གཟིགས་རྒྱང་རིང་ལ་ དགོངས་པ་གཏིང་ཟབ་པ། གཙོ་གནད་མངོན་གསལ་དོད་པོ་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སི་ཁྲོན་ལེའུ་ཡི་འཕེལ་རྒྱས་གསར་ཤོས་ཡིན་ཞིང་། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་བྱ་གཞག་གོང་དུ་སྤེལ་བར་དབང་གྲགས་ཆེ་ཤོས་དང་གཏིང་ཟབ་ཤོས། སྟོབས་ཆེ་ཤོས་ཀྱི་ཚན་རིག་ཁྲིད་སྟོན་ཞིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། གནད་ཀྱི་སྙིང་པོ། ལག་ལེན་བླང་བྱ་བཅས་གོ་བ་བྱང་ཆུབ་པར་བླངས་ཏེ། ཏང་གི་ཚོགས་ཆེན་ ཉི་ཤུ་པའི་སྙིང་དོན་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་ གཅིག་འབྲེལ་གཅིག་མཐུད་བྱས་ནས། སི་ཁྲོན་ལས་དོན་ཁག་ལ་གཅིག་འདོམས་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ཁག་སི་ཁྲོན་དུ་དོན་ལ་འཁྱོལ་བ་དང་གྲུབ་འབྲས་འཐོབ་པའི་འགན་ལེན་བྱ་དགོས།

      ཀྲའོ་ཅུན་མིང་གིས་ནན་གསུང་གནང་དོན། སེར་ཤུལ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གལ་ཆེན་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསབ་ཁུལ་གལ་ཆེན་ཞིག་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གཙོ་གནད་ས་ཁུལ་ཞིག་ཀྱང་ཡིན་པས། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་པར་ཤུགས་མུ་མཐུད་དེ་བརྒྱག་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཁོང་དུ་ཏན་ཏིག་ཆུད་པར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་ཏན་ཏིག་འཁུར་ཞིང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་ཕ་ཚ་བུ་རྒྱུད་ཀྱི་ཆེད་དུ་རི་སྔོ་ཆུ་དྭངས་དང་གནམ་སྔོན་མོ་ས་གཙང་མ་ཡག་པོ་བསྲུང་དགོས། ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་བའི་ཐད་ཁྱོན་ཡོངས་ནས་ཤུགས་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པ་བྱེད་ཅིང་། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་ཉེན་མེད། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ཕན་ཡོད། འཚོ་བ་ཕྱུག་འབྱོར་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཐོན་ལས་དར་རྒྱས་ཡོང་བ་གཙོ་གནད་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་དམ་འཛིན་བྱེད་གཞིར་བྱེད་པ། ཡུལ་སྡེ་མཉམ་དུ་ཕྱུག་འབྱོར་ཡོང་བ་དམིགས་འབེན་དུ་བཟུང་ནས། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སྦྱངས་ནས་གོ་བ་བྱང་ཆུབ་པ་བླངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བ་གཙོ་ཕྱོགས་སུ་བྱེད་ཅིང་། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་པ། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བར་སྐུལ་སྤེལ་དང་། མི་རིགས་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏང་དགོས། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སྦྱངས་ནས་གོ་བ་བྱང་ཆུབ་པ་བླངས་པ་དང་། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་འཐུས་ཚང་དང་འཕྱུགས་མེད། ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་ཤིང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པ་བྱས་ཏེ། མཐིལ་ཚད་ཀྱི་བསམ་གཞིག་བརྟན་པོར་བཅང་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་ཞིང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཧུར་ཐག་དང་བརྟན་པོའི་ངང་སེལ་བ། གནོད་འགོག་གནོད་སྐྱུང་གནོད་སྐྱོབ་ཀྱི་ནུས་པ་རྒྱུད་རིམ་ལྡན་པའི་ངང་ཆེ་རུ་གཏོང་བ། ཉེན་མེད་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་ཅིང་། མཐིལ་ཚད་ཀྱི་དམར་རྒྱ་མཐའ་གཅིག་ཏུ་བསྲུངས་ནས་བདེ་འཇགས་ཀྱི་ཆུ་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྲུང་དགོས། ལོ་རྒྱུས་ཀྱི་རིག་དངོས་སྲུང་སྐྱོང་དང་ལོ་རྒྱུས་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་གཏོང་བར་མཐོང་ཆེན་དང་ཤུགས་རྒྱག་ཅིང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དང་དར་སྤེལ་དེ་བས་ཡག་པོ་གཏོང་ཞིང་། ལྷག་པར“ལམ་གཉིས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་རྒྱག་ཅིང་། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས།

     རྟོག་ཞིབ་ཀྱི་རིང་ལ་ཀྲའོ་ཅུན་མིང་གིས་ད་དུང་ལམ་རྒྱུད་དུ་ནགས་ཚལ་སྐོར་ཞིབ་ལས་དོན་ཡང་སྤེལ་བ་རེད།

     ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་མགོ་ཁྲིད་ཡིའུ་ཞང་ཧྥེ་དང་། ཡོན་མིང་ཀོང་། ལུའོ་ལིན་སོགས་འབྲེལ་ཡོད་རྟོག་ཞིབ་ནང་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།: དྲན་གདུང་གིས་ཕྱུག་པའི་གནའ་ཉམས་སོར་བཞག་དང་།། གསོན་ཤུགས་ཀྱིས་ཁེངས་པའི་འཛུགས་སྐྲུན་ལས་ལ་བརྩོན།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།