མེ་ཏོག་རོལ་བའི་མྱོང་སྣང་སུམ་ཅུ་སོ་དྲུག།

གཅོད་པ་ཐར།        2023-08-07

ཕྱག་ཏུ་བུམ་ཆུང་ཐོགས་པའི་སྤྱན་རས་གཟིགས།།

མེ་ཏོག་རིས་སུ་མེད་པར་སྐྱབས་སུ་ཟུངས།།

བདག་སོགས་བདེན་པའི་སྨྱུ་གུ་ཐོགས་པ་གང་།།

གེགས་དང་བར་ཆད་ཀུན་ལས་ཐར་གྱུར་ཅིག།

གསེར་ཞུན་ཁུ་བའི་མ་བྲིས་མཚར་འཛིན་མ།།

བཅོས་མའི་ཚལ་དུ་མ་བཏབ་སྡུ་གུ་མ།།

ལྷུན་གྲུབ་འདབ་སྟོང་གྲོལ་བའི་སྦྲང་རྩིའི་བཅུད།།

བདག་གི་སྨྱུག་ཁར་ཨེན་ཙམ་འཁྱུད་པར་བྱ།།

འདབ་ལོ་རླུང་གིས་སྒུལ་བའི་མེ་ཏོག་ཁྱོད།།

ཐིག་ལེའི་སྦྲང་ཆུང་འགུག་པའི་ལྕགས་ཀྱུ་ཡིན།།

དཀར་དམར་རང་མདངས་རིས་སུ་མེད་པ་ཁྱོད།།

རི་བོའི་གཏོས་སུ་བཏབ་པའི་ལང་ཚོ་ཡིན།།

ཕྱེ་ལེབ་གཤོག་རྡེབ་འཕྲོག་པའི་མེ་ཏོག་ཁྱོད།།

དྲི་འཛིན་དབང་དུ་བསྡུ་བའི་མན་ངག་ཡིན།།

རླུང་གི་རོལ་མོར་འཇུག་པའི་མེ་ཏོག་ཁྱོད།།

སྲིད་གསུམ་དང་བ་འདྲེན་པའི་ཕོ་ཉ་ཡིན།།

སྒེག་པའི་རོ་བརྒྱ་འབར་བའི་མེ་ཏོག་ཁྱོད།།

ཆུང་འདྲིས་མིག་ལ་ལྷུང་བའི་གཟི་མདངས་ཡིན།།

ཟིལ་བའི་ཁྲུས་གསོལ་གནང་བའི་མེ་ཏོག་ཁྱོད།།

ཆུ་མོ་རབས་ཆེན་རབས་ཆུང་བརྒལ་རོགས་ཡིན།།

ཚོས་མདོག་དམར་སེར་ཅན་གྱི་མེ་ཏོག་ཁྱོད།།

སྤྲིན་གྱི་དབུ་གཙུག་བརྒལ་བའི་བསུང་ཞིམ་ཡིན།།

ཚོས་ཁ་མ་སྡེབ་ལྷུན་གྱིས་གྲུབ་པ་ཁྱོད།།

སྲིད་འདིར་མཛེས་པའི་དཔལ་དུ་ཅིའི་མི་འགྲོ།།

ཨ་ཅག་གཡུ་སྒྲོན་འཛུམ་པའི་ལེགས་སྐྱེས་ཁྱོད།།

ནོར་བུའི་ཚལ་དུ་འཁྲུངས་པའི་ནོར་བུ་ཡིན།།

དྭངས་གསལ་ཆུ་ལ་གཏོར་བའི་འདབ་ལོ་འང་།།

སྐྱེ་འགྲོའི་སྐུ་ངལ་གསོ་བའི་སྨན་མཆོག་ཡིན།།

དྲི་ངད་ལྡང་བའི་མེ་ཏོག་སྣ་ཚོགས་པ།།

བདག་མེད་ཚོར་བ་གསོ་བའི་མཆོད་རྟགས་ཡིན།།

ལྷུག་པོར་གྲོལ་བའི་མཛེས་སྡུག་ཡིད་འོང་དེ།།

གདུང་བའི་འཆིང་ཐག་བཤིག་པའི་དེད་དཔོན་ཡིན།།

རྒྱ་མཚོའི་འཇིངས་སུ་སྐྱེས་པའི་མེ་ཏོག་ཁྱོད།།

མཚོ་གཏིང་ནོར་བུ་སྒྲུབ་པའི་བྱེད་པོ་ཡིན།།

གསེར་གྱི་ཉ་མོའི་གཤོག་འགྱུར་རྒོད་པ་དེའི།།

དཔལ་གྱི་འདབ་མའི་མཚོ་གཏིང་ཁྱབ་པ་མཚོན།།

མི་ཡི་ཡུལ་དུ་སྐྱེད་ཚལ་འབྱམས་སུ་ཀླས།།

ལྷམ་ཆུང་གོན་ཏེ་གོམ་གསུམ་སེར་སྣ་ཆེ།།

ཐགས་སུ་བཀྲ་བའི་པད་ཚལ་ཡངས་པོ་རུ།།

རྒྱང་མིག་འཕངས་ཚེ་འབྱུང་བཞིར་བག་ཕེབས་སྟེར།།

སྙིང་གི་འཕར་རྩར་རེག་པའི་མེ་ཏོག་ཁྱོད།།

དབྱངས་ཀྱི་འགྱུར་ཁུགས་ནང་གི་ཉིང་བཅུད་ཡིན།།

འདབ་མའི་ཚོས་ཁ་འགྲིག་པའི་མེ་ཏོག་ཁྱོད།།

རི་བོའི་ཟོམ་དུ་བཏེགས་པའི་མགུལ་རྒྱན་ཡིན།།

གཡུ་ཡི་བུམ་པར་ལྟེམས་པའི་མེ་ཏོག་ཁྱོད།།

ལྷ་ཁང་གྲུ་བཞིར་བསྐོས་པའི་ལས་འཕྲོ་ཡིན།།

མ་འདྲེས་གངས་ལ་འདྲིས་པའི་མེ་ཏོག་ཁྱོད།།

ཐེ་ཧྲན་རི་ལས་འཁྲུངས་པའི་གངས་ལྷ་ཡིན།།

ཕྱག་གསུམ་སོར་རྩེར་སྨིན་པའི་མེ་ཏོག་ཁྱོད།།

དད་པའི་བཅུད་ལས་འཁྲུངས་པའི་ལྷ་སྐལ་ཡིན།།

ཟླ་བཟང་དབུ་ལྕང་བསྒུལ་འདྲའི་འདབ་མ་ཁྱོད།།

ཉི་ཟླའི་དགྱེས་འཛུམ་འགུག་པའི་རླུང་འཕྲིན་ཡིན།

གཟིམ་ཆུང་མཐའ་རུ་བསྟར་བའི་མེ་ཏོག་ཁྱོད།།

རྨི་ལམ་མངར་ཁ་ལྡུད་པའི་བདུད་རྩི་ཡིན།།

བར་སྣང་རྡུལ་རྣམས་མ་ལུས་གཞོམ་མཛད་པའི།།

མེ་ཏོག་ཁྱོད་ནི་མ་བོས་མགྲོན་གྱི་མཆོག།

གངས་དང་ཆར་གྱིས་གསོས་པའི་མེ་ཏོག་ཁྱོད།།

སྲིད་འདིར་ཚེ་ཡི་འཕེན་པ་རྫོགས་མེད་ཅིང་།།

ས་ཡི་དཀྱིལ་དབུས་མདའ་རྒྱང་ཁྲི་ཕྲག་ཏུ།།

སྐར་ཕྲན་ཇི་སྙེད་ཕྲེང་ལ་བརྒྱུས་དང་མཚུངས།།

ལང་ཚོའི་ཟློས་གར་ངོམ་འདྲའི་མེ་ཏོག་ཁྱོད།།

ནམ་མཁའི་དབྱིངས་སུ་བཏང་བའི་ནོར་བུ་ཡིན།།

ཁ་དོག་སྤེལ་མར་བཞད་པའི་མེ་ཏོག་ཁྱོད།།

འཇའ་ཡི་ཚོས་མདོག་མནབས་པའི་སྙིང་སྡུག་ཡིན།།

གླིང་བཞི་གླིང་ཕྲན་བསྐོར་བའི་མེ་ཏོག་ཁྱོད།།

ཡིད་དུ་འོང་བའི་ས་ཡི་ཐིག་ལེ་ཡིན།།

ཉམས་སྣང་འབར་བའི་འདབ་ལོའི་གཡོ་སྟངས་དེ།།

རྨ་བྱའི་སྒྲོ་གུར་ཕུབ་པའི་ངང་ཚུལ་ཡིན།།

མཚེའུ་འགྲམ་ཐུར་དུ་དཔྱངས་པའི་མེ་ཏོག་ཁྱོད།།

མཚེའུའི་ཚ་གདུང་སེལ་བའི་བསིལ་གཡབ་ཡིན།།

སུ་རུའི་ཚལ་དུ་འཁྲུངས་པའི་མེ་ཏོག་ཁྱོད།།

དབྱར་གསུམ་ཕོ་ཉ་བསུ་བའི་མཆོད་སྤྲིན་ཡིན།།

བྲག་དམར་རྩིགས་སུ་ལྡེམ་པའི་མེ་ཏོག་ཁྱོད།།

རྒོད་པོའི་འཕུར་ལམ་འདྲེན་པའི་ལམ་ཡིག་ཡིན།།

སྐྱ་རེངས་ཟིལ་པ་འཛུམ་པའི་མེ་ཏོག་ཁྱོད།།

མུ་ཏིག་སྐྲ་རྒྱན་བསླས་པའི་སྒེག་མོ་ཡིན།།

རྟ་ཡི་རྨིག་སྣེར་འཁྱུད་པའི་མེ་ཏོག་ཁྱོད།།

བང་གི་བསུ་མར་འཐོར་བའི་སྦྲང་ཆར་ཡིན།།

མཛའ་མོའི་གདུབ་བུར་བསླས་པའི་མེ་ཏོག་ཁྱོད།།

སྣང་བའི་འོད་ཁང་འབྱེད་པའི་ལྡེ་མིག་ཡིན།།

སྐྱེ་འགྲོའི་སྤྱན་ལམ་འཁྲུལ་བའི་མེ་ཏོག་ཁྱོད།།

མཐོ་སྒང་མངལ་དུ་སྦྲུམ་པའི་སྙིང་ནོར་ཡིན།།

དུང་བའི་ལག་ཟུང་མཐུད་པའི་མེ་ཏོག་ཁྱོད།།

དྲོད་ཀྱི་མཚར་སྣང་སྟེར་བའི་རུ་མ་ཡིན།།

ལས་ཀྱི་ཟམ་ཁར་བཏེགས་པའི་མེ་ཏོག་ཁྱོད།།

འཁོར་བའི་དབྱར་ཁར་ཕུལ་བའི་ལྷ་དར་ཡིན།།

ཆུ་ཟོའུ་སྐྱུར་མར་འཐོགས་པའི་མེ་ཏོག་ཁྱོད།།

ཆུ་ལེན་བུ་མོའི་རྒྱབ་ཀྱི་དམར་གདན་ཡིན།།

སྦྲ་རྒན་ཕུར་བར་འཐམས་པའི་མེ་ཏོག་ཁྱོད།།

ཞབས་བྲོ་ལན་གསུམ་རྒྱག་པའི་སྔ་ལྟས་ཡིན།།

འབྲི་བརྒྱའི་རྡང་ལ་འབྱར་བའི་མེ་ཏོག་ཁྱོད།།

བེའུ་ཆུང་རྩེད་འཇོ་རོལ་བའི་རྒྱགས་ཕྱེ་ཡིན།།

གཟི་མདངས་རྟོག་བཏགས་མིན་པའི་མེ་ཏོག་ཁྱོད།།

གོ་ལའི་མཁུར་ཚོས་འབྲི་བའི་སྒེག་ཆས་ཡིན།།

གཟིགས་བརྙན་དཔག་ཏུ་མེད་པའི་མེ་ཏོག་ཁྱོད།།

རིགས་དྲུག་འགྲོ་བ་དགྱེས་པའི་རྟེན་ཕུར་ཡིན།།

གཞུང་རྟ་གསེར་གྱིས་གྲུབ་པའི་མེ་ཏོག་ཁྱོད།།

དབྱངས་ཅན་རྒྱུད་སྐུད་བསྟར་འདྲའི་གསོན་ཉམས་ཡོད།།

དྲེལ་སྨུག་རྣ་བ་འགུལ་འདྲའི་འདབ་མ་ཁྱོད།།

མོ་གཞོན་ལན་ཕྲེང་འགྱོགས་པའི་བཟོ་ལྟ་ཡོད།།

དྲན་པའི་དྲོད་ཁོལ་སྲུང་བའི་མེ་ཏོག་ཁྱོད།།

ཚོར་བའི་བུ་ག་རྟོལ་བའི་ལེགས་མཚོན་ཡིན།།

ཆུ་ལ་ལས་འབྲེལ་ཟབ་པའི་མེ་ཏོག་ཁྱོད།།

གསེར་གྱི་སྨྱུག་ཁར་བབས་པའི་གསོན་དཔེ་ཡིན།།

ཕྱོགས་བཅུར་དྲི་བསུང་འཐུལ་བའི་མེ་ཏོག་ཁྱོད།།

སྐྱེ་རྒུའི་སྤྱན་དབང་གསོ་བའི་རྟེན་སྐལ་ཡིན།།

ས་གཞིའི་བརླན་གཤེར་འཛིན་པའི་མེ་ཏོག་ཁྱོད།།

རྩྭ་ལྗང་སྔས་སུ་བྱས་པའི་སྐར་ཚོགས་ཡིན།།

སྟོན་གྱི་རླུང་བུའི་བཏུས་པའི་མེ་ཏོག་ཁྱོད།།

བདག་སོགས་སྐོམ་གདུང་སེལ་བའི་ཇ་ལོ་ཡིན།།

སྤྲིན་གྱི་གཟིངས་སུ་སྡོད་པའི་མེ་ཏོག་ཁྱོད།།

མཐོན་པོ་དབྱིངས་སུ་བཏབ་པའི་མུ་ཏིག་ཡིན།།

རྫི་མོའི་མགུལ་དུ་འཆིང་བའི་མེ་ཏོག་ཁྱོད།།

ཞལ་གྱི་དྭངས་ཤ་འདྲེན་པའི་འོད་གོར་ཡིན།།

གོམ་གསུམ་བར་ནས་འཐུས་པའི་མེ་ཏོག་ཁྱོད།།

ཡིད་ཀྱི་མཚོ་མོར་བཏང་བའི་གྲུ་ཆུང་ཡིན།།

དུས་ཀྱི་སོ་ཁར་འཐམས་པའི་མེ་ཏོག་ཁྱོད།།

འཆི་མེད་རིན་ཆེན་ལས་ཀྱི་གདམས་ངག་ཡོད།།

སྒྲོམ་ཆུང་སྟེང་དུ་ཚེས་པའི་མེ་ཏོག་ཁྱོད།།

གང་ཟག་རྣམ་ཤེས་སྐྱེལ་བའི་དཔུང་རོགས་ཡིན།།

མེ་ཏོག་ཁྱོད་ནི་བདག་གི་མེ་ཏོག་སྟེ།།

གང་དུ་བཞད་ཀྱང་མིག་གི་དབང་པོ་འཕྲོག།

དབང་པོ་ཚང་དུ་མེད་པའི་བེམ་པོ་ལ།།

ཁྱོད་ཀྱིས་བསུང་ཞིམ་སྦྱིན་པར་ཨེན་ཙམ་འགྱོད།།

མེ་ཏོག་ཁྱོད་ནི་མཐོན་པོ་སྒང་དུ་སྐྱེས།།

ཡང་ན་ཆུ་བོའི་གཞུང་དུ་སྤོ་བར་ཕོད།།

མེ་ཏོག་ཁྱོད་ཀྱིས་གྲང་ངར་ལུས་སུ་མནབས།།

ཡང་ན་དྲོད་ལམ་ལམ་གྱི་ཁམས་དག་མྱངས།།

མེ་ཏོག་ཁྱོད་ནི་བདེ་བའི་མེ་ཏོག་ཅིག།

བདེ་བའི་ཁམས་དང་མོས་པ་ཁྱོད་ཀྱིས་སྟེར།།

མེ་ཏོག་ཁྱོད་ནི་སྐྱོ་བའི་མེ་ཏོག་སྟེ།།

སྙིང་སྡུག་དྲན་པའི་མིག་ཆུ་ཁྱོད་ཀྱིས་རྐུ།།

ཡིད་དབང་འགུག་པའི་མེ་ཏོག་སེར་ལམ་ལམ།།

སེར་ལམ་ལམ་གྱི་སྤང་ལྗོངས་ཡག་རེ་ལྟོས།།

བདག་གི་ལྷམ་ཆུང་འདམ་གྱིས་བརྫིས་ཡོད་ཀྱང་།།

མེ་ཏོག་ཁྱོད་ཚོར་འཁང་ར་མེད་པར་མཚར།།

སྔོ་ལྗང་གཡང་དུ་ཆགས་པའི་མེ་ཏོག་ལགས།།

དྲི་བཟང་རྫོགས་མེད་རབ་ཏུ་འབར་བྱས་ཏེ།།

ཁམས་གསུམ་སྣང་བ་གསོ་བའི་རྟེན་སྐལ་དུ།།

རིས་མེད་བསུང་ཞིམ་སྦྱིན་པར་དཔལ་ཆབ་མཆོད།།

ད་ནས་མཐོ་སྒང་དྲི་བཟང་མི་ནུབ་ཅིང་།།

སྒོས་སུ་ཁྲི་མདོག་མེ་ཏོག་རྒྱས་གྱུར་ཅིག།

ཚེ་ཡི་སྟོད་དུ་བསགས་པའི་སྨོན་ལམ་གང་།།

དྲི་བཟང་འཐུལ་བའི་མེ་ཏོག་ཀུན་ལ་འདེབས།།


  • ལེ་ཚན་སྔོན་མ།:རྒྱང་ལྟ།
  • ལེ་ཚན་རྗེས་མ།:སྐྱེས་པ་ཕོའི་རབ་བྱེད་ཉེར་བཞི་ཞེས་བྱ་བ།