སྐྱེས་པ་ཕོའི་རབ་བྱེད་ཉེར་བཞི་ཞེས་བྱ་བ།

གཅོད་པ་ཐར།        2023-08-07

སྐྱེས་བུ་རབ།

སྲིད་གསུམ་བཏང་སྙོམས་སྒོམ་པའི་ཚུལ་ལ་མཁས།།

རྣམ་དཔྱོད་གློག་ཞགས་འཕར་མའི་རྫ་རྔ་རྡུང་།།

བག་ཡོདསྤྱོད་པའི་གང་ཟག་དང་བ་འདྲེན།།

དགྱེས་ཞལ་ཉི་ཟླ་གཞན་གྱི་ཡིད་དུ་འཐད།།

སྨྲ་བ་ཉུང་ཞིང་རྒྱལ་ཁམས་སོར་རྩེར་སྨིན།།

དྲང་བདེན་ལུགས་གཉིས་རྟོག་པའི་གཙོ་བོར་བྱེད།།

སྒོ་གསུམ་ཞི་བར་གནས་པའི་ཚུལ་འཆོས་ཀྱིས།།

བསམ་གཏན་གཡོ་བ་མེད་པའི་རྣམ་གཞག་བཞེངས།།

གཏམ་གྱི་ས་རྒྱའི་གནམ་གྱི་མཐའ་ཡང་ཟིན།།

ཚིག་གི་སྐར་ཆུང་སྟེང་དུ་ལམ་ལམ་མཚེར།།

འོད་ཀྱི་ཤིང་རྟ་འགྲོ་བའི་ཞིང་དུ་མཆེད།།

སྐྱེས་མཆོག་དེ་ལ་སྐྱེས་བུ་རབ་ཏུ་གསོལ།།

སྐྱེ་བ་ལྔ་བརྒྱའི་དོན་ནམ་ད་ལྟའི་ལུས།།

རྣམ་པར་དག་པའི་ཚུལ་གྱིས་སྐྱོང་བར་བྱེད།།

མཛངས་ཤིང་ཆེ་མཆོག་ཕྲན་ཙམ་མི་མངའ་བའི།།

ཕོ་རབ་བློ་མིག་ཅན་ལ་ཕྱག་འཚལ་ལོ།།

སྣང་བའི་བཅུད་ནི་འགྲོ་བའི་དོན་དུ་སེམས།།

སྒྱུ་མའི་ཆོས་ཉིད་ཚིག་གི་རྩལ་གྱིས་འགྲེལ།།

འགྲོ་དྲུག་འཇིགས་པའི་གནས་སུ་གྲོལ་འགྱུར་བའི།།

སྐྱེས་ཆེན་སྒྲུབ་བརྒྱུད་པ་ཞེས་སྙན་པ་འབར།།

འཆི་མེད་གྲོང་ལ་ཞེན་ཆགས་མི་མངའ་ཞིང་།།

དལ་འབྱོར་དཔལ་ལ་མིག་ལྟོས་མི་བྱེད་པའི།།

བཟོད་པའི་ཕ་མཐར་ཕྱིན་པའི་སྐྱེས་བུ་ལ།།

སྐྱེས་པ་རབ་ཀྱི་རབ་ཅེས་ཡོངས་སུ་གྲགས།།

འཇིག་རྟེན་ཡོངས་ཁྱབ་བདེན་པ་དོན་དུ་གཉེར།།

དུས་གསུམ་སྟོང་ཆ་བསམ་པའི་རྒྱུད་དུ་འཇོག།

སྙིང་གར་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར།།

སྒྲུབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ།།

དམིགས་མེད་དམིགས་པའི་གཙོ་བར་ཐོས་པ་དང་།།

ཐོས་གྲོལ་ལམ་གྱི་དང་པོར་སྒོམ་པ་འཇོག།

སྒོམ་གསུམ་ཚུལ་ཁྲིམས་ཕ་རོལ་ཕྱིན་བྱས་ཏེ།།

འགྲོ་བའི་དགེ་ལེགས་ཚོགས་རྣམས་རང་དུ་བསགས།།

སྐྱེས་བུ་འབྲིང་།

གཤིས་ཀྱི་རི་མོའི་ནང་དུ་འཇའ་ཚོན་ཤར།།

འཇའ་ཚོན་གཞུ་དབྱིབས་དྲང་བའི་དཔལ་དུ་ཚེས།།

བདེན་གྲུབ་རི་བོའི་རྒྱབ་ཀྱི་འོད་མདངས་བཞིན།།

འགྲོ་དོན་འབའ་ཞིག་ལུས་སེམས་ཁུར་དུ་བླངས།།

རྒྱང་མིག་རིང་དུ་འཕེན་གྱིན་རང་སྡེའི་རིགས།།

བྱམས་ཀྱིས་སྐྱོང་ཞིང་ཁ་ཅིག་སྟོབས་ཀྱིས་འདུལ།།

དབྱེ་བ་ཕྱེད་ཕྱེད་གྱ་དགུའི་ནང་རིམ་དུ།།

རང་ཚུགས་རྡོ་རྗེ་མདུད་པ་དམ་དུ་སྡོམ།།

རང་སེམས་འདུལ་ལ་མཁས་ཤིང་དམ་ཚིག་སྲུང་།།

རྟོག་པའི་དྲ་བ་དྲང་ནས་དྲང་དུ་འཐེན།།

བདེན་གཉིས་ངོ་བོ་ཤེས་པའི་རྩར་འཆང་བ།།

སྐྱེས་བུ་འབྲིང་ཞེས་བཏགས་ཀྱང་སོམ་ཉི་ཅི།།

དགོས་འདོད་ཀུན་འབྱུང་ལས་ལ་ཞེན་པ་ཆུང་།།

ལྟ་སྒོམ་སྤྱོད་གསུམ་མན་ངག་རྩ་བར་འཇོག།

དཀར་ནག་ལོགས་སུ་དགར་བའི་དམིགས་པ་རྫོགས།།

ཡང་དག་གདམས་ངག་གཙོ་བོ་སྙིང་གར་གཏད།།

ཅོལ་ཆུང་གཏམ་ལ་རྣ་བ་མི་བླག་ཅིང་།།

རིག་པའི་ཀློང་ནི་ཡངས་པོར་བྱེད་ལ་གོམས།།

ཀུན་རྟོག་རླབས་ཀྱི་ལྕེ་ཐོག་བཞུགས་མཁས་ཤིང་།།

ཆོས་ཉིད་སྒྱུ་མའི་འཕྲུལ་ལ་ཨ་ཐང་མེད།།

ཡིད་རྟོན་རུང་ལ་བག་ཡོད་ཚུལ་དང་མཐུན།།

ངང་རྒྱུད་བཟང་ཞིང་བྱས་ལས་དང་དུ་ལེན།།

རྒྱུ་མཚན་ཐར་ལ་ཆོད་ཅིང་ང་རྒྱལ་ཆུང་།།

ཕན་སེམས་བརྗིད་པོ་རི་ཡི་ཁ་རྔོག་ཡིན།།

འཇོན་ཐང་ཟེར་ནས་ངའོ་མི་ལབ་ཅིང་།།

ཏིང་འཛིན་གདེངས་ལྡན་རྣམ་རིག་ཁོག་ཏུ་སྦེད།།

ལས་འབྲས་སྟོན་ནམ་རིང་མོར་བལ་བརྒྱབ་ཀྱང་།།

འཇིགས་དངངས་ཚ་རླབས་ཞི་བའི་ཚལ་དུ་གོ།།

ལྟག་ཀོར་ཚལ་དུ་སྤྱན་ནི་ཡོད་མདོག་མེད།།

གཉུག་མའི་གཤིས་ལ་བསམ་གཞིག་རབ་ཏུ་བྱེད།།

ཐམས་ཅད་ཆོས་ཉིད་ཀྱིས་ནི་མ་བསྡུས་པར།།

མྱུར་བར་དྲང་བའི་ཆོ་འཕྲུལ་རྫོགས་པར་རེམ།།

སྐྱེས་བུ་ཐ་མ།

རིག་རིག་ཧུར་ཧུར་རྒྱལ་ཁམས་ཀུན་ཏུ་ལྟ།།

དབུགས་ནི་ཧད་ཧད་རང་དོན་འབའ་ཞིག་གཉེར།།

ངོ་གདོང་གཉིས་ལྡན་ཝ་ཡི་རྣམ་སྤྲུལ་ཅན།།

སྐྱེས་བུ་ཐ་མའི་བཟོ་ལྟའི་ཚུལ་དུ་བསྔགས།།

མ་རྟོགས་ཆོས་ཀྱི་ཁུངས་ནི་འབྱིན་པར་ཞེན།།

མ་མཐོང་འཁོར་བའི་སྙིང་བོ་སྐོར་བར་དགའ།།

ཕོག་པའི་ཚིག་གི་མདའ་མོར་ན་བསྲན་ཆུང་།།

དགྱེས་པའི་ཚུལ་དང་བྱས་པའི་ཉམས་ནི་ལྡོག།

ཡར་ལ་གུས་ཞུ་འཁྲབ་ཚེ་བརླ་ཡང་འདར།།

མར་ལ་རྫིག་ཉམས་གད་མོ་དིང་དིང་དགོད།།

སྤྱོད་པའི་ཕྱོགས་ཞེན་གནམ་དང་ས་ཡིས་ཆོད།།

ཤེས་རབ་ཅན་ལ་སྡང་མིག་ཟུར་ལྟ་བྱེད།།

གཉོམ་པོར་ཕན་མདོག་ཚིག་གི་ཆོ་འཕྲུལ་སྟོན།།

བཙན་པོར་བསྟོད་པའི་གཏམ་གྱི་བརྒྱ་ཚར་འདོགས།།

ཀུན་ཕོངས་རང་རྒྱལ་འདུ་ཤེས་རབ་ཏུ་གདུ།།

ཕྱི་འཇམ་ནང་རྩུབ་དུག་གི་མཚོན་ཆ་མངའ།།

རྒུམ་པའི་ཚེ་ན་གཉོམ་པོའི་ཞིང་ཚིགས་རྒུམ།།

དར་བའི་ཚེ་ན་རང་གི་འབྲས་བུར་རློམ།།

དར་རྒུད་ལས་ཀྱི་ནམ་ཟླ་རེ་རེ་ལ།།

ཞི་རྒྱས་གཅོག་པའི་མན་ངག་མཆིས་མ་ཡིན།།

གཞལ་ཡས་ཁང་དུ་སྡོད་པར་ཧམ་པ་ཆེ།།

འབད་པའི་མཐའ་ནི་མི་ཆོད་རྩོལ་བ་ཆུང་།།

བསོད་ནམས་ཚོགས་ལ་ཉམས་ལེན་ཐ་མའི་བློ།།

ཤཱཀྱའི་ཞབས་ནི་འདྲེན་ཏེ་ཐ་མའི་ཐ།།

ཡངས་པ་ཅན་ཞེས་སྨྱོན་པའི་སྒྱུ་འཕྲུལ་སྟོན།།

རྣམ་ཀུན་མཆོག་ལྡན་སྐུ་ཞེས་ཚིག་ལུད་རྒྱག།

དངོས་དོན་ཉེར་ལེན་དོག་ཙམ་མི་ལྡན་པའི།།

སྐྱེས་བུ་ཐ་མ་ཝ་ཡི་གདོང་སྤྲུལ་ཅན།།

དགར་དུ་མེད་པའི་རུས་པའི་འགྲེལ་ཆེན་ལ།།

ལུང་ཚིག་ལོག་པར་བཏུས་ཏེ་གདོང་ཐུག་རྒྱག།

མི་རྟག་མཚན་ཉིད་བདུད་ཀྱི་ཁ་རླངས་འདྲེན།།

སྐྱེས་བུ་ཐ་མར་དུག་གི་ཡན་ལག་རྫོགས།།


  • ལེ་ཚན་སྔོན་མ།:མེ་ཏོག་རོལ་བའི་མྱོང་སྣང་སུམ་ཅུ་སོ་དྲུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།