དྲན་གདུང་གིས་ཕྱུག་པའི་གནའ་ཉམས་སོར་བཞག་དང་།། གསོན་ཤུགས་ཀྱིས་ཁེངས་པའི་འཛུགས་སྐྲུན་ལས་ལ་བརྩོན།།

ཀུན་དགའ་བསམ་གཏན་གྱིས་བྲིས།        2023-08-07

འདབ་པ་རྫོང་གིས་ཉི་སྟེན་གྲོང་སྡེ་སོགས་གནའ་གྲོང་སྲུང་སྐྱོང་དང་སླར་གསོར་ཤུགས་བརྒྱབ།

དྲན་གདུང་གིས་ཕྱུག་པའི་གནའ་ཉམས་སོར་བཞག་དང་།། གསོན་ཤུགས་ཀྱིས་ཁེངས་པའི་འཛུགས་སྐྲུན་ལས་ལ་བརྩོན།།
བཟོ་པ་ཚོས་དུས་ཚོད་དམ་འཛིན་བྱས་ནས་ཨར་ལས་རྒྱག་བཞིན་པའི་ཚུལ།

མཚོ་འཕགས་སྨི3900ཙམ་ཡོད་པའི་འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་ཉི་སྟེན་གྲོང་སྡེར་ཨར་ལས་ཀྱི་ཀ་བ་དང་པོ་དེ་བཙུགས་པ་དང་བསྟུན་ནས་འཛམ་གླིང་ཐོག་གི་མཚོ་འཕགས་མཐོ་ཤོས་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་སྐྲུན་འགོ་ཚུགས། དེ་ནི་འདབ་པ་རྫོང་ཉི་སྟེན་གྲོང་སྡེ་ཡོངས་ཀྱི་སྲུང་སྐྱོང་སླར་གསོ་ལས་དོན་གྱི་འབྲེལ་ཡོད་ལས་གཞིའི་ཁྲོད་ཀྱི་སྒྲིག་གཞི་གཙོ་བོའི་ཨར་ལས་འཛུགས་སྐྲུན་ནང་གི་ཐོག་མ་དེ་ཡིན་པ་རེད།

འདབ་པ་རྫོང་ཉི་སྟེན་གྲོང་སྡེའི་སྲུང་སྐྱོང་དང་སླར་གསོ་ལས་དོན་གྱི་འབྲེལ་ཡོད་ལས་གཞི་དེ་འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་ཉི་སྟེན་གྲོང་སྡེར་སྤེལ་བཞིན་ཡོད། དེ་ནི་འདབ་པའི་ཉི་སྟེན་ལྗོངས་ཁུལ་གྲགས་ཅན(རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ)གྱི་མི་རིག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཞིང་།འཛུགས་སྐྲུན་ལས་གྲོང་སྡེའི་སྲོལ་རྒྱུན་འཛུགས་སྐྲུན་སྲུང་སྐྱོང་སླར་གསོ་དང་གྲོང་སྡེའི་རྣམ་པ་ལེགས་སྒྲིག། གྲོང་ཁྱེར་གྱི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་ལེགས་སུ་གཏོང་བ། ལྗོངས་ཁུལ་ཉམས་གསོ་རིམ་སྤོར་བཅས་ཁག་ཆེན་པོ་གསུམ་ཡོད། ལས་གཞི་དེའི་དམིགས་ཡུལ་ནི་ཉི་སྟེན་གྲོང་སྡེའི་སྐྱེ་ཁམས་ཀྱི་དམིགས་བསལ་རང་བཞིན་དང་།རིག་གནས་ཕུན་སུམ་ཚོགས་པའི་རང་བཞིན།རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་ཀྱི་གནས་བབ་དང་ལེགས་ཆ་ཟུང་འབྲེལ་བྱས་ནས་བོད་ལུགས་ཀྱི་ཉམས་འགྱུར་སླར་གསོ་ཐུབ་པ་དང་།གྲོང་སྡེའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ཐུབ་པ།ཚད་བརྒལ་གྱི་རྗེས་ཤུལ་མི་ཐོན་པ།གྲོང་སྲིད་དང་རིག་གནས་ཡུལ་སྐོར་འཛུགས་སྐྲུན་གྱི་ལེ་ལག་འཐུས་ཚང་དུ་གཏོང་བ།མཛེས་སྡུག་གི་ཁྱད་ཆོས་ལྡན་པའི་ཉི་སྟེན་དང་གྲོང་སྡེ་རྩེ་གྲ་གཏོད་པ་བཅས་བྱས་ནས་འཛམ་གླིང་ལ་སྐད་གྲགས་ཆོད་པའི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་གཏོད་རྒྱུ་དེ་རེད།

སྲོལ་རྒྱུན་གྲོང་སྡེ་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་།ཀྲུང་ཧྭའི་བུ་ཕྲུག་གྲངས་མེད་ཀྱི་ཕ་ཡུལ་དྲན་འཆར་ཞིག་ཀྱང་ཡིན་པས་དེ་ནི་བསྐྱར་སྐྱེས་མི་ཐུབ་པའི་རྩ་ཆེའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་།འདབ་པའི་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ།སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་།ཉི་སྟེན་གྲོང་སྡེ་སོགས་གནའ་བོའི་གྲོང་སྡེ་སྲུང་སྐྱོང་སླར་གསོ་བྱ་རྒྱུར་མུ་མཐུད་ཤུགས་བརྒྱབ་པ།གཟུགས་མེད་རིག་གནས་ཤུལ་བཞག་སྔོག་འདོན་དང་།སྲུང་སྐྱོང་།རྒྱུན་འཛིན།བེད་སྤྱོད་བཅས་བྱས་ནས་གནའ་བོའི་གྲོང་སྡེ་དེ་བས་མང་བར་གནའ་ཉམས་སོར་བཞག་དང་དྲན་གདུང་གིས་ཁེངས་པ་བྱ་རྒྱུ།

ལོ་རྒྱུས་རིག་གནས་བརྒྱུད་འཛིན་དང་།།   ཇུས་འགོད་རྩེ་གྲས་ཡིད་དབང་འཕྲོག།

ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་འདབ་པ་རྫོང་ལ་དམིགས་བསལ་དུ་ཡོད་པའི་གནམ་རིག་ཚན་ཞིབ་དང་།གངས་རིའི་སྐྱེ་ཁམས། ཡི་གེ་མ་བྱུང་གོང་གི་རིག་གནས་སོགས་ཀྱི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ནས་རིག་གནས་ཡུལ་སྐོར་གྱི་ས་གནས་མཚོན་རྟགས་གསར་པ་གཏོད་དགོས་ཞེས་བསྟན་ཡོད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ཡུལ་སྐོར་བྱ་ཡུལ་གལ་ཆེན་གཏོད་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དང། 2023ལོའི་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་ནང་འདབ་པའི་ཉི་སྟེན་གྲོང་སྡེ་སོགས་གནའ་བོའི་གྲོང་སྡེ་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་ཤུགས་རྒྱག་དགོས་པའི་ནན་བཤད་བྱས་ཡོད།

ཉི་སྟེན་གྲོང་སྡེ་ནི་འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་མི་རིག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་།ཤམ་བྷ་ལ་རིག་གནས་ཀྱི་གདོད་མའི་རང་བཞིན་ཡོད་ལ་འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་བྱེད་ཅིག་ཀྱང་ཡིན། ཉི་སྟེན་གྲོང་སྡེ་སོགས་གནའ་བོའི་གྲོང་སྡེ་སྲུང་སྐྱོང་དང་སླར་གསོ་ཡོང་བའི་འབྲེལ་ཡོད་ལས་དོན་ལ་སྐུལ་ཆེད།རང་ཁུལ་གྱིས་མགྱོགས་མྱུར་བཀོད་སྒྲིག་བྱས་པ་དང་ཡུལ་བབ་དང་བསྟུན་ནས་ཉི་སྟེན་གྲོང་སྡེ་སླར་གསོ་གསར་སྒྱུར་ཇུས་འགོད་དང་ལས་གཞི་ལེགས་སྒྲིག་གི་ལས་དོན་སྤེལ་ཚད་མགྱོགས་སུ་བཏང་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྔར་བས་བསྐུལ་ཡོད། ཞིང་ཆེན་གྱི་ཆེད་དོན་ཚོགས་འདུ་མཇུག་འགྲིལ་རྗེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་མང་འཚོགས་ཏེ་མགྱོགས་མྱུར་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་དང་ཞིང་དཔོན་ཧོང་ཆང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་བྱས་ནས་ཉེ་དུས་ཀྱི་ལས་ཀའི་གཙོ་གནད་ལ་ཁྱོན་ཡོངས་དང་ཞིབ་ཚགས་ཀྱི་བཀོད་སྒྲིག་བྱས་པ་དང་འབྲེལ་ཡུལ་དངོས་སུ་ཁུལ་དང་རྫོང་།ཀྲུང་གོ་འཛུགས་སྐྲུན་ལྷོ་ནུབ་ཇུས་འགོད་ཁང་བཅས་ཀྱི་ཚོགས་ཞུགས་མི་སྣ་བསྡུས་ནས་ད་སྔའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

འདབ་པ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཐུང་ཁྲུན་གྱིས་གསར་འགོད་པར་ཉི་སྟེན་གྲོང་སྡེ་ནི་འདབ་པའི་ཉི་སྟེན་ལྗོངས་ཁུལ་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན།ཡུལ་སྐོར་བ་མང་པོ་ཞིག་དེ་གར་གནས་སྡོད་དང་ཞག་སྡོད་བྱེད་ཀྱི་ཡོད།ང་ཚོས་སྲུང་སྐྱོང་སླར་གསོ་བྱེད་པའི་དམིགས་ཡུལ་ནི་གནའ་བོའི་གྲོང་སྡེ་སླར་གསོ་བྱ་རྒྱུ་དེ་ཡིན། འདབ་པ་རྫོང་གིས་ཉི་སྟེན་གྲོང་སྡེའི་གསར་བརྗེས་སླར་གསོ་ལས་གཞིའི་རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་བརྒྱབ་སྟེ་སྔར་ཡོད་ཀྱི་རྫོང་རིམ་པའི་མགོ་ཁྲིད་ཚོ་ཆུང་གི་རྨང་གཞིའི་ཐོག་འདབ་པའི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཉི་སྟེན་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་གཅིག་ལྕོགས་འཁུར་བར་མངགས་ནས་ཉི་སྟེན་གྲོང་སྡེར་སྲུང་སྐྱོང་སླར་གསོ་དང་གསར་བརྗེས་བྱེད་པའི་འབྲེལ་ཡོད་རྩ་འཛུགས་ཀྱི་མཐུན་སྦྱོར་ལས་དོན་གྱི་འགན་འཁུར་བཞིན་ཡོད་ཅེས་བཤད།

སྲོལ་རྒྱུན་གྲོང་སྡེའི་ཕུན་སུམ་ཚོགས་པའི་ཡུལ་སྲོལ་མི་འདྲ་བའི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་འཛུགས་སྐྲུན་འདུ་ཤེས་ཁྲོད་དུ་རང་བྱུང་གི་རྣམ་པ་དང་མཉམ་འདྲེས་གང་ལེགས་བྱས་ནས་ལས་གཞིས་རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་དང་ལེན་བྱེད་པ་དང་དུས་མཉམ་དུ་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་ཕུན་སུམ་ཚོགས་པའི་ཉི་ནུས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་ཆུ་མེད་རྣམ་པའི་ཉི་ནུས་ཚ་གློག་མཉམ་འབྲེལ་མཁོ་འདོན་མ་ལག་དང་དྲོད་ཚད་མཐོ་བའི་མཁའ་རླུང་འབྱུང་ཁུངས་ཀྱི་ཚ་ནུས་མཁོ་འདོན་མ་ལག་སྤྱད་དེ་ཕན་འབྲས་མཐོ་བ་དང་།གཙང་མ།ཐཱན་མེད་པ།སྲུང་སྐྱོང་བཅས་ཀྱི་ནུས་རྒྱུ་མཁོ་འདོན་མ་ལག་བཏོད་དེ་འབྱུང་འཕྲོད་ཁོར་ཡུག་དང་དཔལ་འབྱོར་གྲོན་ཆུང་།མཛེས་སྡུག་ལྡན་པའི་འདབ་པའི་ཉི་སྟེན་སྲུང་སྐྱོང་ཐུབ་པ་བྱ་རྒྱུ།

འདབ་པ་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོ་འཛུགས་སྐྲུན་གྱི་ལྷོ་ནུབ་གླིང་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་བརྒྱབ་སྟེ་སྲུང་སྐྱོང་འཕེལ་རྒྱས་དང་།སྤུས་དག་འཕེལ་རྒྱས།མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་རྩ་དོན་ལ་གཞིགས་ནས་བཟའ་སྡོད་འགྲོ་གསུམ་དང་།ཉོ་སྒྲུབ།རོལ་རྩེད་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ཏེ།ཤམ་བྷ་ལའི་བསམ་པའི་ཁྱིམ་གཞིས་འཆར་འགོད་དང་།སྡོད་པར་འཚམ་པའི་འཚོ་བའི་ཁྱིམ་གཞིས།ཞིབ་འཇུག་ཡུལ་སྐོར་གྱི་སྐྱེ་ཁམས་ཁྱིམ་གཞིས་བཅས་ཇུས་འགོད་བྱས་ནས་རྣམ་པ་ཉམས་གསོ་བྱ་རྒྱུ།

སྲུང་སྐྱོང་ཉམས་གསོ་ཁྱད་ཆོས་ལྡན།།   བེད་སྤྱོད་ལེགས་པོར་བླ་སྲོག་བསྐྱང་།།

2019ལོའི་སྤྱི་ཟླ10པར་ཉི་སྟེན་གྲོང་སྡེ་དེ་སི་ཁྲོན་ཆེས་མཛེས་ཤོས་ཀྱི་གནའ་གྲོང་གི་མིང་ཐོ་ཁག་གཉིས་པའི་གྲས་སུ་ཚུད་པ་དང་།སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་གཏང་ཆེད།འདི་ལོའི་སྤྱི་ཟླ4པར་ཉི་སྟེན་གྲོང་སྡེའི་སྲུང་སྐྱོང་སླར་གསོ་ལས་གཞི་དངོས་སུ་ལས་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་སྤྱི་ཟླ་དགུ་པའི་ཟླ་མཇུག་ཏུ་བསྐྲུན་ཟིན་རྒྱུ་རེད།

འདབ་པའི་གྲོང་མིའི་སྡོད་ཁང་གི་སྒོ་དང་སྒེའུ་ཁུང་ཚང་མར་ས་གནས་དེ་གའི་རང་བཟོས་རྩི་ཤིང་གི་བྱུག་རྫས་སྤྱད་ནས་ནག་པོ་བཟོས་ཡོད་པས་བོད་ཁང་ནག་པོ་ཞེས་བརྗོད་ཀྱི་ཡོད། གནའ་ལུགས་བབ་བརླིང་ཆགས་པའི་བོད་ཁང་ལ་མིག་གིས་བལྟས་ཚེ་ཉམས་དགའ་བ་དང་། འཛུགས་སྐྲུན་གྱི་ཐོག་མའི་རྣམ་པ་མ་དོར་བར་ཉི་སྟེན་གྱི་ངོ་བོ་སླར་གསོ་ཐུབ་ཆེད།ཉི་སྟེན་གྲོང་སྡེས་སྲུང་སྐྱོང་སླར་གསོའི་ལས་གཞིར་ས་གནས་རང་ནས་རྒྱུ་ཆ་བླངས་ཏེ་རྡོ་ལེབ་ཀྱིས་ཕྱིའི་གྱང་གི་རྣམ་པ་སླར་གསོ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད།

ཀྲུང་གོ་བཟོ་སྐྲུན་ལྷོ་ནུབ་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་བཟོ་སྐྲུན་པ་དང་།ཉི་སྟེན་གྲོང་སྡེའི་ལས་གཞིའི་སྤྱི་ཁྱབ་ཇུས་འགོད་པ་ལིའུ་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྲོལ་རྒྱུན་བོད་རིགས་ཨར་སྐྲུན་གྱི་ཕྱིའི་གྱང་ཚང་མ་རྡོ་ལས་གྲུབ་པ་ཤ་སྟག་ཡིན་པས་ང་ཚོས་ས་གནས་དེ་གའི་རྡོ་རྒྱུ་སྤྱད་དེ་ད་ཡོད་ཀྱི་ཨར་སྐྲུན་འཐུས་ཚང་མིན་པར་ཕྱི་གོས་ཤིག་བསྐོན་པ་དང་ཆབས་ཅིག་ཉེན་མེད་རང་བཞིན་འགན་ལེན་བྱ་ཆེད།ང་ཚོས་སྲ་བརྟན་གྱི་ལག་རྩལ་སྤྱད་དེ་རྡོ་གྱང་དང་ཕྱིའི་བྱང་བར་འབྲེལ་མཐུད་ནུས་ལྡན་བྱེད་བཞིན་ཡོད་པ་རེད།

ལས་གཞི་ལས་འགོ་ཚུགས་པ་ནས་བཟུང་།ཉི་སྟེན་གྲོང་སྡེའི་སྲོལ་རྒྱུན་ཨར་སྐྲུན་གྱི་རྣམ་པ་རྙིང་པ་དང་།རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་བཏང་བ།གྲོང་སྡེའི་བར་མཐོངས་བཀོད་སྒྲིག་སླར་གསོ་བྱེད་བཞིན་པ་དང་དུས་མཉམ་དུ་འདབ་པ་རྫོང་གིས་ཆེད་ལས་ཚོགས་པ་གདན་ཞུས་བྱས་ཏེ《འདབ་པ་རྫོང་གི་གནའ་སྡོང་གྲགས་ཅན་བརྟག་དཔྱད་ལག་བསྟར་ཇུས་གཞི》བཟོས་ནས་གཞུང་ལམ་ལམ་རྒྱུད་དང་།གྲོང་སྡེ་དང་གྲོང་རྡལ།ཉི་སྟེན་བཅས་གཙོ་གནད་དུ་བྱས་ཏེ་གནའ་སྡོང་གྲགས་ཅན་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་གྱི་ཡོད། ཞིང་ཆེན་ནགས་ཚལ་ཚན་རྩལ་ཁང་དང་ཀྲུང་གོ་ཚན་རིག་ཁང་གི་ཆེད་ལས་མཁས་ཅན་འདབ་པ་རྫོང་ཉི་སྟེན་ལྗོངས་ཁུལ་དུ་སྟག་མ་ནགས་ཚལ་ཐོན་ཁུངས་ལ་བརྟག་དཔྱད་བྱེད་པར་གདན་དྲངས། ཉི་སྟེན་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་དཀར་ཆག་སྒྲིག་པའི་ནང་གཟུགས་མེད་རིག་གནས་ཤུལ་བཞག་གི་རིགས་དང་།གསུང་རབ་ཀྱི་རིགས།ཞིབ་འཇུག་གསར་སྤེལ་གྱི་རིགས།ཡིག་རིས་ཀྱི་རིགས་བཅས་འདུས་པ་དང་། དེ་དང་མཉམ་དུ་འབྲེལ་ཡོད་ཁྱད་ལྡན་གྱི་རིག་གནས་གསར་གཏོད་ཐོན་རྫས་དང་།ཉི་སྟེན་མུ་འབྲེལ་དཔེ་ཚོགས། ཉི་སྟེན་གྲོང་སྡེའིLOGO ཉི་སྟེན་མཚན་སྙན་གྲོང་མིའི་བྱས་རྗེས་གཟེངས་རྟགས།དམངས་གཞས་བསྡུ་ལེན་སོགས་གསར་སྤེལ་བྱས་ནས་མང་ཚོགས་ཀྱི་རྩེར་སོན་རིག་གནས་ཞབས་ཞུ་དང་།སྲོལ་རྒྱུན་རིག་གནས་མྱོང་རོལ།ཁྱད་ལྡན་རིག་གནས་འགྲེམས་སྟོན་སོགས་ཐད་ཀྱི་དགོས་མཁོ་ནུས་ལྡན་ངང་བསྐང་ཐུབ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས5པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།