འཛམ་གླིང་ལ་ཀྲུང་གོའི་གྲོང་ཁྱེར་གྱི་སྟོབས་ཤུགས་དང་ཉམས་བརྗིད་བསྟན།

སྐལ་བཟང་ཐུབ་བསྟན་གྱིས་བྲིས།        2023-08-09

     འཛམ་གླིང་ལ་ཀྲུང་གོའི་གྲོང་ཁྱེར་གྱི་སྟོབས་ཤུགས་དང་ཉམས་བརྗིད་བསྟན།

    དབྱར་ཁ་འདིར་ཁྲེང་ཏུའུ་རུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31སྤེལ་བ་དང་བསྟུན་ནས་གྲོང་ཁྱེར་འདི་ཡིས་འཛམ་གླིང་སོ་སྐྱེ་ཀུན་གྱི་མིག་དབང་རབ་ཏུ་འཕྲོག། རང་རྒྱལ་གྱིས་ཁས་ལེན་བརྗིད་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ནས་རྒྱལ་སྤྱིའི་གཞོན་ནུའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཡོང་བར་བྱས་རྗེས་གསར་པ་བཞག་ཡོད། འགྲན་གཉེར་འདུ་ཤེས་སྟབས་བདེ་ལ་ཉེན་ཁ་མེད་པ། ངོ་མཚར་བ་བཅངས་ནས་ཁྲེང་ཏུའུ་ཡིས་འཛམ་གླིང་གཞོན་ནུ་ཚོར་འབད་འབུངས་ཧུར་སྐྱེད་ཀྱི་རྩལ་འགྲན་སྟེགས་བུ་ཞིག་བསྐྲུན་ཡོད། དེ་ནི་ཉིན་གཅིག་གི་བྱ་བ་ཙམ་ཞིག་གཏན་ནས་མ་ཡིན་ཏེ། འགྲན་བསྡུར་གཉེར་བ་དང་། གྲོང་ཁྱེར་གཉེར་སྐྱོང་། བྱ་གཞག་དར་སྤེལ། དམངས་ལ་ཕན་པ་བཅས་ཕྱོགས་ཡོངས་ལ་ཆེད་དུ་དམིགས་ཡོད་ཅིང་། གོ་སྐབས་བཟང་པོ་འདི་གཙིགས་སུ་བཟུང་སྟེ། འཛམ་གླིང་ལ་གྲོང་ཁྱེར་དེའི་འགན་འཁྲི་དང་དེ་བཞིན་རིག་གནས་ཀྱི་ནང་དོན་དང་གྲོང་ཁྱེར་གྱི་ཁྱད་ཆོས་དང་སྤུས་ཀ་ཐུན་མོང་མ་ཡིན་པ་ཡོངས་སུ་བསྟན་ཡོད། 

  ཁྲེང་ཏུའུ་ཡི་ཁྲོམ་གཞུང་དུ་དལ་བ་དལ་བུར་སྐྱོད་པའི་ཚེ། གླིང་ག་གྲོང་ཁྱེར་དེའི་མཛེས་སྡུག་མྱོང་རོལ་ཐུབ་ལ་དམངས་ཡོངས་ཀྱིས་འགྲན་བསྡུར་ལས་ཐོབ་པའི་ཁེ་སྨར་ལོངས་སུ་སྤྱོད་བཞིན་ཡོད་པའི་ཚོར་བ་ཡང་ཧ་ཅང་སྐྱེན། སྲང་ལམ་གྱི་འགོ་མཇུག་དང་གཞིས་ཁུལ་གྱི་ཐོག་ཁང་། དེ་བཞིན་གྲོང་འདབས་ཀྱི་ཟ་ར་ཟུར་ཁུག་སོགས་ནི་གྲོང་ཁྱེར་ཞིག་གི་དྲོད་ཁོལ་འཁྱིལ་ས་དང་ཁྱད་ཆོས་མངོན་ས་རང་རེད། ཁྲེང་ཏུའུ་ཡི་གཞིས་མི་ཚོ་ལུས་རྩལ་འགྲན་ཚོགས་ཀྱི་གཡང་རྟེན་དང་ཁུག་མ་སོགས་བཟོ་བའི་བྱ་བའི་ཁྲོད་དུ་ཧུར་ཐག་ཞུགས་ཤིང་། ཕྱོགས་ཡོངས་ནས་མཐུན་རྐྱེན་བསྐྲུན་པ་དང་གཡས་གཞོགས་གཡོན་འདེགས་ཀྱིས་བྱེད་སྒོ་རབ་རིམ་སྤེལ་ནས་དམངས་ཡོངས་ཀྱི་ལུས་རྩལ་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་ལུས་རྩལ་ལ་ཁོར་ཡུག་བཟང་པོ་བསྐྲུན་ཏེ། ཁྲེང་ཏུའུ་ཡི་འཚོ་བ་སྐྱིད་པོ་དང་ལུས་རྩལ་བྱ་འགུལ་གྱི་གོང་སྤེལ་བརྩོན་ལེན་གྱི་བསམ་པའི་ཁྱད་གཤིས་འོ་ཆུ་གཅིག་ཏུ་བསྲེས་ནས། གཞིས་ཁུལ་གྱི་འཚོ་བ་སྤུས་ཚད་མཐོ་ལ་རྒྱལ་སྤྱིའི་དཔེ་གཞིར་འོས་ཤིང་། དར་སྲོལ་ཧ་ཅང་ཆེ་བར་བརྟེན་ནས་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པ་དང་ཡུལ་སྐོར་བར་ཁྲེང་ཏུའུ་མི་དམངས་ཀྱི་སྤྲོ་སྣང་དང་མཛའ་མཐུན་ཚོར་དུ་འཇུག་ལ་གྲོང་ཁྱེར་དེའི་དྲོ་སྐྱིད་དང་གསོན་ཤུགས་ཀྱང་མྱོང་ཐུབ་པར་བྱས། 

  ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་བར་བརྟེན་ནས་གྲོང་ཁྱེར་ཞིག་གི་སྤུས་རྟགས་གཏོད་པ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད། མ་དངུལ་བཏང་ནས་བྱ་གཞག་སྤེལ་བ་སོགས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐེབས་ཀྱི་ཡོད། དེ་དང་ཆབས་ཅིག་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཕྱིན་པ་ལས་གྲོང་ཁྱེར་གྱི་དོ་དམ་ནུས་པ་ཆེ་རུ་འགྲོ་ཞིང་། ལུས་རྩལ་འཛད་སྤྱོད་ཀྱི་རིམ་པ་འཕར་བ་དང་། གྲོང་ཁྱེར་གྱི་རྣམ་པ་དགེ་ཞིང་མཛེས་པའི་ཕྱོགས་སུ་ཕྱིན་པ་སོགས་འགྱུར་ལྡོག་ཆེན་པོ་བྱུང་བ་ཡང་གྲོང་ཁྱེར་དེར་འཚོ་བ་སྐྱེལ་མཁན་ཚང་མས་མྱོང་ཚོར་ཐུབ་ངེས་རེད། 

  འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ལོ་རྒྱུས་ཡུན་རིང་ཡོད་པའི་གྲོང་ཁྱེར་འདིར་སྤེལ་བ་དང་བསྟུན་ནས་གྲོང་ཁྱེར་དེར་གསོན་ཤུགས་རབ་ཏུ་འཕེལ་བ་དང་སྦྲགས་འཛམ་གླིང་ལ་ཀྲུང་གོའི་གྲོང་ཁྱེར་གྱི་སྟོབས་ཤུགས་དང་ཉམས་བརྗིད་བསྟན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགེ་མཚན་ཁྲི་མ་འབུམ་ཡང་མངོན་དང་མངོན་བཞིན་ཡོད་དོ།། 


  • ལེ་ཚན་སྔོན་མ།:འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས31པ་མཇུག་འགྲིལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།