ཕ་ཡུལ་ལ་ཕུལ་བའི་སྙན་ངག་བྱ་མ་རྟ།

དུ་སྤྲིན།        2023-08-09

གཡོ་མེད་རི་རྒྱལ་ལྷུན་པོ་མུ་ཏིག་བསྟར་ལ་བརྒྱུས་པའི་དབུས།།

སུམ་རྩེན་ལྷ་ཡི་དགའ་ཚལ་ས་གཞིའི་རྒྱན་དུ་འཕོས་འདྲ་སྟེ།།

སྙན་གྲགས་མེ་ཏོག་འཛུམ་པའི་ངོ་མཚར་ཟུར་ལྗོངས་ཆོས་ཀྱི་གནས།།

ཡིད་དབང་ཉམས་དགའི་སྣང་བ་སྟོན་ཁའི་རྒྱ་མཚོ་གཡོ་དང་མཚུངས།།

གཙུག་ལག་ཁོར་ཡུག་བཀོད་ལེགས་ལྟ་བས་ཆོག་མི་ཤེས་པ་དེར།།

རིགས་གཞུང་སྲོག་གི་ཀ་བ་ལེགས་སྐྱོང་རིགས་སྨྲ་ཆུ་སྐྱེས་གདོང་།།

མ་བསྐུལ་རང་གི་མོས་ལྟར་རྐང་དྲུག་ཚོགས་བཞིན་འཁོར་བས་ན།།

སྦྱོར་བརྩོན་ཤིང་རྟས་རབ་དྲངས་རྒྱལ་བའི་བསྟན་པ་ཉི་མོར་བྱེད།།

ཕྱོགས་མེད་ལེགས་བཤད་བདུད་རྩི་བུམ་པ་གང་བྱོའི་ཚུལ་གྱིས་བཞེས།།

ཡུང་རིང་འབད་པས་མི་དགོས་ལན་གཅིག་གཟིགས་པས་ཀུན་ཤེས་པ།།

མཁས་པའི་བྱ་བ་རྣམ་གསུམ་ལང་ཚོའི་དཀྱིལ་འཁོར་གཅིག་ཏུ་རྫོགས།།

ཆོས་ལ་དཀའ་སྤྱད་བསྔགས་འོས་བྱང་ཆུབ་མ་གྱུར་ཆ་ཙམ་མེད།།

ཕུལ་བྱུང་ཡོན་ཏན་མ་ལུས་གཅིག་ཏུ་སྤུངས་པའི་དཔལ་འཛིན་པ།།

ཕྱོགས་ལས་རྣམ་པར་རྒྱལ་བ་སྐྱེ་དགུའི་བདག་པོར་འགྲན་གྱི་དོ།།

མཐོང་ཐོས་དྲན་རེག་ཙམ་གྱིས་དད་པའི་ཆུ་སྐྱེས་རང་སར་གྲོལ།།

དོན་གཉིས་ཡོན་ཏན་ཆ་ཀུན་ཚེ་གཅིག་ཉིད་ལ་ངལ་བས་བརྙེས།།

མཁས་མང་གསེར་རིས་ཕྲེང་བ་ཆུ་སྟོད་ཟླ་བ་མ་རྫོགས་གོང་།།

དགུང་སྔོན་ནམ་མཁའ་ལ་ནི་བགྲང་ཡས་རྒྱུ་སྐར་ཕྲེང་ལྟར་བལྟམས།།

གང་ཞིག་མཆུ་སྒྲོས་རླུང་གིས་བསྒུལ་ལྟར་གཡོ་བའི་རང་བཞིན་ལས།།

རིན་ཐང་དཔག་དཀའ་ཟབ་མོའི་ཆོས་རྣམས་སྐལ་ལྡན་བློ་ལ་ཤར།།

རང་བྱུང་རྡུལ་གྱི་ཟེགས་མ་བརྩེགས་པའི་མངོན་མཐོའི་ཁྲི་སྟེང་དུ།།

མི་འཇིག་ཡུན་རིང་རྟག་བརྟན་ཁྱད་འཕགས་ཕོ་བྲང་རྣམ་རྒྱལ་རྩེའི།།

ཟུར་བཞི་ཕྱོགས་མཚམས་རིན་ཆེན་ལས་གྲུབ་སྣ་ཚོགས་རྒྱན་གྱི་ཆས།།

དཔྱངས་པའི་གཡེར་དྲིལ་སྒྲ་ལ་གཉུག་མའི་འདབ་ཆགས་བྱ་རྣམས་འཁོར།།

མཐའ་བཞི་སྐྱོང་བའི་གྲོང་སྡེ་ལ་སོགས་མུ་ཁྱུད་ཁོར་ཡུག་ནི།།

ཚར་དུ་དངར་བ་ཁོ་ར་ཁོར་ཡུག་ར་བས་ཡོངས་སུ་བསྐོར།།

ལེགས་པར་གནས་དང་ལྷིང་འཇགས་ངང་གནས་ཐུན་གསུམ་པ་ཡི་དུས།།

ངལ་བ་ལ་བརྟེན་སྐར་ཚོགས་ནོར་འཛིན་ཕང་བར་བྱོ་ལྟར་མཛེས།།

ཡིད་འོང་ནོར་འཛིན་དཔལ་མོའི་བཞིན་རས་མ་ལུས་ཀུན་གྱི་གནས།།

ལོ་རྒྱུས་ཡལ་ག་ལོ་འདབ་ཕོན་པོས་དུད་བཞིན་ཁུར་གྱིས་ལྕི།།

ཡིད་ཀྱི་བརྟེན་པ་གཅིག་པུར་གྱུར་པ་གནས་འདིའི་སྣོད་བཅུད་ཀྱི།།

དགེ་མཚན་རྫོགས་ལྡན་གསར་པར་ལོངས་སྤྱོད་སྐལ་བཟང་ཁོ་བོར་སྨིན།།



  • ལེ་ཚན་སྔོན་མ།:དབྱར་ལྷས་ཀྱི་སྣང་བ་གསོན་པོ།
  • ལེ་ཚན་རྗེས་མ།:རིག་བྱེད་ངག་གི་པདྨ་དབྱངས་ཅན་བཞད་པའི་གེ་སར།