མཚན་གུང་གི་རྨི་ལམ་རིང་མོ།

ཧུན • དུར་རོ།        2023-08-14

སྐར་མདའ་ཞིག་བྲེལ་འཚུབ་གྱིས་འཕུར།

ཉིན་མཚན་གཉིས་ལ་ཡང་ཡང་འཕུར།

ཆར་བ་དྲག་ཏུ་བབས་པར་བྱས།

ཉི་མ་རབ་ཏུ་ཚ་བར་བྱས།

ད་གཟོད་སྐར་མདའ་ཞིག་དགོད་པར་བྱས།

ལམ་ཕྲན་གྱ་གྱུ་དེ་རུ།

ཁ་བ་ཞིག་འབབ་འགོ་ཚུགས།

དཀར་དཀར་དམར་དམར་གྱི་ཁ་བ།

འཆི་འཕོ་དང་ཉི་ནུབ་ལ་དགའ་བའི་ཁ་བ།

ཁ་བ་བབས་མཚམས་བཞག་རྗེས།

ཉབ་ཉོབ་ཏུ་གྱུར་བའི་ཉི་འོད་ཅིག་

འཕྲོ་འགོ་ཚུགས།

གྲང་ལྷག་རྒོད་པའི་རླུང་བུ་ཁམ་པ་ཞིག་

ལྡང་འགོ་ཚུགས།

འཆི་བ་དང་ཉི་ནུབ་ལ་དངོས་སུ་གདོང་

གཏུགས་བྱས།

ད་གཟོད་ཅི་ཞིག་མཐོང་བ་ལྟར་ངུ་སྙིང་བྲོད།

ནམ་གུང་གི་སྐབས་སུ།

རྡོ་གཅལ་ངོས་སུ་མེ་ཏོག་བཞག

སེམས་ངོའི་ས་རྡུལ་དག་གཙང་མར་བཀྲུས།

ལྐོག་ལྐོག་སུད་སུད་ཀྱི་རྐན་སྒྲ་ཐག་ཐག་བྱས།

ནགས་ཀྱི་གྲིབ་བསིལ་འོག་ནས་ཧད་དེ་བསྡད།

ད་གཟོད་ཁང་རྩེག་མཐོན་པོའི་རུ་བ་

རེ་རེ་དྲན་པར་བྱས།

རི་རབ་ཀྱི་བྲང་ངོས་སུ།

རི་མོ་དཀར་སེར་དམར་ལྗང་དཔར།

མི་རིགས་ཀྱི་ཁ་དོག་སྣ་ལྔ་ཡང་ཡང་དཔར།

བྲེལ་འཚུབ་དང་རྒྱབ་གཟུགས་སོགས་

ཡང་ཡང་བྲིས།

དྲན་པ་གསོས་རྗེས།

ཁ་ཆེམས་སུ་སྐད་གདངས་དང་ཀ་ཡིག་

ནག་པོ་ཞིག་བཞག

བྱེ་མའི་བུམ་པར་ལྗང་ཕྲན་ཞིག་རྨོས།

ད་གཟོད་རང་བྱུང་ཁམས་ཀྱི་བརྩེ་དུངས་ཚོར།

མེ་འོད་ཆེམ་ཆེམ་འཕྲོ་བའི་མེ་ལོང་ངོས་སུ།

ཆུ་ཟིལ་ཕྲན་བུ་ཞིག་རྙིད་པར་གྱུར།

མེ་ལོང་ནང་གི་བདག་གཞན་དག

ད་གཟོད་སྐོམ་པས་གདུང་བར་བྱས།

མཚན་གུང་དེར།

ཆང་རག་ཤེལ་དམ་གང་མཆོད།

སྒྲུང་གཏམ་ཞིག་འབྲི་འགོ་བརྩམས།

ནམ་གུང་ཡོལ་བ་ན།

ཟླ་བ་དང་མཆུ་སྒྲོས་སྦྱར།

ཁེར་བཤད་ཡང་ཡང་འཐེན།

ཞོགས་པ་དེར།

ཉི་འོད་མལ་ས་ལ་འཕྲོས།

ད་དུང་རྒྱུ་སྐར་གྱི་གཙང་པོ་དྲན།

ངོ་འབག་ལྗང་ཁུ་ཞིག་གྱོན།

སྐད་ཆ་ལྗང་ཁུ་ཞིག་ལབ།

འཆི་ཁ་མར་གཏམ་རྒྱུད་ཅིག་བྲིས།

གལ་ཏེ།

འཆི་བ་མེད་ན་ཞེས་པའི་གཏམ་རྒྱུད་བྲིས།

རྔུལ་ཆུ་ཁྲོམ་ཁྲོམ་དུ་བབས།

བྲལ་དཀའ་བའི་གཏམ་རྒྱུད་མཇུག་གྲུབ།

ཀུ་ཅོ་ཞིག་རི་སྒང་ནས་འཕུར།

མི་ལོ་དུ་མའི་རྗེས་སུ།

སླར་ཡང་རི་སྒང་ནས་ཀུ་ཅོ་འཕུར།

སྐྱ་ཟད་སྔོ་སྡུག་གི་རི་སྒང་ལ།

སེམས་ཀྱི་རྣག་ཁྲག་བཞུར་འགོ་བརྩམས།

དབུགས་ཧལ་ཧལ་གྱིས་གཙེས་བྱུང་།

གྲིབ་མ་མག་མོག་གིས་ཟིན་བྱུང་།

གདོང་ཁེབས་ནག་ནོག་གིས་བསྟིམས་བྱུང་།

གངས་ཀྱི་ནགས་ཚལ་དེ་རུ།

ངས་ཉིན་རེ་ཐེངས་རེར།

ཧ་བཏབ་ནས་བྱིལ་བྱིལ་གཏོང་ན་འདོད།

༡༠

ངའི་རླབས་གཉེར་ལས་འོད་ཅིག་འཕྱོ།

མཚོ་མོ་ལ་སྐར་མདའ་ཡང་ཡང་ལྷུང་།

གོམ་སྒྲ་འགྲོས་མཉམ་པ་ཞིག་དཀྲོལ།

སྐྱེ་བོ་གང་རུང་གི་དུས་ཚོད་ཟད་པོ།

ལམ་གྱི་བཞི་མདོ་དེ་རུ་ནམ་ལངས།

འགྲུལ་བཞུད་ཨང་ཀི་དང་པོ་ལམ་ལ་ཆས།

ལོ་འདི་དག་ལ་རྨི་ལམ་མང་སོང་།

སྐྱོ་ཤས་ཉུང་སོང་།

ཤུགས་ཆེན་པོས་ངུ་སྙིང་བྲོད་བྱུང་།

༡༡

གལ་ཏེ་རྨི་ལམ་ནང་དུ་ལུག་ཁྱུ་འདུག་ན།

ངས་རྫི་བོ་ཁེར་འགྲོ་ཞིག་འཚོལ་ངེས་ཡིན།

ཤ་ཁྲག་གི་གཙང་པོ།

རིགས་རུས་ཀྱི་རི་བོ།

གཟུགས་མེད་ཀྱི་ནང་ཁྲོལ།

དེ་དག་གི་སླད་དུ།

ངས་རྫི་བོ་ཁེར་འགྲོ་ཞིག་འཚོལ་ངེས་ཡིན།

༡༢

བཞུར་རྒྱུན་ཆད་སོང་།

འགྲོ་མཚམས་བཞག་སོང་།

ཤེལ་ངོས་ཀྱི་ས་རྡུལ་དག།

ཧ་བཏབ་ནས་བྱིལ་བྱིལ་བྱས་ན་ཆོག་གམ།

ཁ་རོག་གེར་རྩྭ་ཐང་ལ་ལོག།

༡༣

ངས་འདུ་ཁང་ཞིག་བཀོད།

ནང་ལ་ལྷ་མོ་ཞིག་བཀོད།

དེ་རུ་ལྷ་བུ་ཞིག་བཀོད།

བུ་ཆུང་དེ་ཨ་མ་ལ་དགའ།

ཉིན་ཞིག་ཨ་མ་ལ་འཐམ།

ངག་མི་སྨྲ་བར་འདོད་པས་གཟེར།

གཞན་སྐད་སྨྲ་བར་མ་ལོབ།

རང་སྐད་ཡང་བཤད་མ་ཐུབ།

ཉིན་ཞིག་བྲག་ཐེམ་ནས་འཆི་བར་བརྩམས།

༡༤

རྒྱུ་སྐར་གྱི་སྐུད་ལམ་སྣེ་རུ།

མཚན་མོ་གྲངས་མེད་ཅིག་འདས།

མུན་པ་དང་རྨི་ལམ་གང་མང་ཞིག་འདས།

རྗེས་ཤུལ་ཟིན་ཚོད་མེད་པའི་ན་ཚོད་

མཐའ་མེད་ཅིག་འདས།

བར་སྣང་གི་སྐར་མ་འོད་ཆེན།

བུ་རབས་ནས་བུ་རབས་ལ་ཕེབས་སྐྱེལ་མེད།

ཉིན་མཚན་གྱི་སྲུབས་བར་མེ་ཁ་

གསོ་ཐབས་བྱས།

༡༥

དེབ་ཐེར་སྔོན་པོ།

དེབ་ཐེར་དཀར་པོ།

དེབ་ཐེར་དམར་པོ།

ཀློག་མྱོང་མེད་ལ།

རང་ཉིད་ཀྱི་དེབ་ཐེར་ངོས་སུ།

ཡིག་འབྲུ་དང་སྐད་ཆ་མེད།

ཕོ་བྲང་གི་རྡོ་གཅལ་དང་།

ཁྲག་གིས་བྲིས་པའི་རྡོ་རིང་མེད།

རང་ཉིད་དང་ཡོད་ཚད།

བསུབས་ཟིན་པ་འདྲ།

༡༦

སང་ལོའི་ཟླ་བ་བརྒྱད་པར།

ངས་གཉེན་དཔང་དཔར་སྲིད།

སང་ཉིན་གྱི་དུས་ཚོད་བརྒྱད་པར།

ངས་ཆུང་མ་བསུ་སྲིད།

སང་ཞོགས་ཀྱི་སྐར་ཆུང་བརྒྱད་པར།

ང་འཇིག་རྟེན་དང་གཏན་དུ་ཁ་གྱེས་སྲིད།

༡༧

ངས་སྒྲུང་གཏན་ཞིག་འབྲི་འགོ་བརྩམས།

དེ་རུ་ཕོ་རྐྱང་ཞིག་འབྲི་བར་བྱས།

མོ་རྐྱང་ཞིག་འཚོལ་འདོད་བྱུང་།

གནམ་ས་ལན་གསུམ་བསྐོར་ཀྱང་།

བུ་མོ་ཁེར་འགྲོ་ཞིག་རྙེད་མ་བྱུང་།

མཐར་སྒྲུང་གཏམ་འབྲི་མཚམས་བཞག།

༡༨

ངས་འཇིག་རྟེན་ལ་མེ་ལོང་ཆག་རོ་ཞིག་གཡར།

གཟུགས་རིས་འཆར་མི་ཐུབ་པའི་མེ་

ལོང་ཞིག་ཡིན།

ངས་དེ་ལ་མེ་ལོང་ཆག་རོ་མི་ཟེར་རང་

ཉིད་ཆག་རོ་ཟེར།

མཐར་ངས་མེ་ལོང་དེ་ཕྱིར་འཇིག་རྟེན་ལ་

གཏོད་འཆར་མེད།

༡༩

ཞོགས་པ་དེར་སྐྱ་ཐིགས་འཁྱུག།

བེམ་པོ་བཞིན་གྲག་འགུལ་གང་ཡང་མེད།

གོ་མེད་ཚོར་མེད་ངང་མཆི་མ་ཡང་ཡང་འབབ།

ནམ་མཁའ་སྔོན་པོ་ཞིག་བསང་

དུད་ཀྱིས་ཁེབས།

རླུང་བུ་བསིལ་མོ་ཞིག་གིས་གདོང་འབག་

དེ་ཉིད་འགུལ་བར་བྱས།

ད་གཟོད་ནམ་ལངས་སོང་བ་ཚོར་ཡོད་པ་

འདྲ་ལ་ཡང་མེད་པ་འདྲ།

༢༠

ནགས་ཚལ་གྱི་ཉེ་འཁོར་ན།

རི་དྭགས་ཧ་ཅང་མང་།

འདབ་ཆགས་ཀྱང་ཧ་ཅང་མང་།

བློས་བསླངས་བྱས་ཤིང་རི་མོ་བྲིས་ན།

སྨྲ་ཤེས་མཁན་གྱི་རི་དྭགས་མེད་ལ།

འདབ་ཆགས་ཀྱང་མི་འདུག།

༢༡

ཤི་ཟིན་རྗེས་སྒྲོན་མེ་ཤིན་ཏུ་གསལ།

དུར་ཁྲོད་ཀྱང་ཤིན་ཏུ་མཛེས།

རྣམ་ཤེས་ཀྱང་ཤིན་ཏུ་སྐྱིད།

དུས་ཚོད་མེད་ལ་ཤ་ཁྲག་མེད།

ཕོ་མོའི་དབྱེ་བ་ཡང་མེད།

ད་དུང་མིག་ཆུ་ཡང་མེད།

འགྲོ་ཁར་རྐང་རྗེས་ཡོད་ངེས་ཡིན།

༢༢

རྩིག་ལྡེབས་ངོས་སུ་འོད་ཅིག་འཕྲོས།

ནོར་བུ་རེད་བསམ་མཁན་ཤིན་ཏུ་མང་།

ཟླ་བ་རེད་བསམ་མཁན་ཧ་ཅང་དཀོན།

སྤྲིན་པའི་གས་བར་ནས་སླར་

ཡང་འོད་ཅིག་འཕྲོས།

ཟླ་བ་རེད་བསམ་མཁན་ཤིན་ཏུ་མང་།

ནོར་བུ་རེད་བསམ་མཁན་ཧ་ཅང་དཀོན།

ལག་མཐིལ་ནས་འོད་ཅིག་འཕྲོས།

མིང་མ་རྙེད་ལ་དོན་ཡང་མ་ངེས།

༢༣

ས་རུབ་སོང་། སྒྲོ་སྒྲོ་བོར་སོང་།

མུན་རུབ་སོང་། རུས་སྦལ་བོར་སོང་།

ཨ་མ་སྨྲེང་བཞིན་འདུག།

ང་རང་ངུ་བཞིན་ཡོད།

སྔར་བཞིན་ས་རུབ་སོང་། སྒྲོ་སྒྲོ་མ་རྙེད།

སྔར་ལས་ཀྱང་མུན་རུབ་སོང་།

རུས་སྦལ་མ་རྙེད།

གཞི་ནས་ཨ་མ་སྨྲེང་བཞིན་འདུག

རྨང་ནས་ང་རང་ངུ་བཞིན་ཡོད།

༢༤

ཚ་ལམ་ལམ་གྱི་ཉི་འོད་འཕྲོས།

གྲང་ཤུར་ཤུར་གྱི་སྟོན་རླུང་ལྡང་།

སྙན་ངག་པ་ཞིག་འཇིག་རྟེན་དང་གྱེས།

༢༥

མཚན་གུང་གི་སྐད་ཆ་བཤད་ཟིན།

མཚན་གུང་གི་རྨི་ལམ་རྨིས་ཟིན།

མཚན་གུང་གི་ཟིན་འབྲི་བྲིས་ཟིན།

མཚན་གུང་གི་ལོ་རྒྱུས་བཀླགས་ཟིན།

མཚན་གུང་གི་ང་རང་ཤི་ཟིན་པ་འདྲ།



  • ལེ་ཚན་སྔོན་མ།:རིག་བྱེད་ངག་གི་པདྨ་དབྱངས་ཅན་བཞད་པའི་གེ་སར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།