ལོ་རྒྱུས་ལས་རྙེད་ པའི་ང་ཡི་བོད།

        2023-08-23

སྤྲེལ་སྲིན་གཤིས་ཀ་ལ་ཆགས་འཇིག་མ་སོང་ཞིང་།།

སེ་དམུ་ལྡོང་སྟོང་གི་རུས་ཁ་མ་འཐོར་སྔོན།།

བཙན་རུས་དག་མ་ལ་བསྲེས་ལྷད་མ་ཞུགས་པ།།

རང་ས་རང་ཡུལ་ནས་ཆད་བའི་ཁྲག་རྒྱུན་ཡིན།།

གཉའ་ཁྲིའི་གདུང་རབས་ལ་ནང་གྱོད་མ་བྱུང་ཞིང་།།

གདོང་དམར་སྙིང་སྟོབས་ལ་སྡར་ཆུ་མ་བླུད་སྔོན།།

མཐའ་དགྲའི་རྒོལ་བ་ཡིས་འཇིག་པར་མ་ཐུབ་པའི།།

དཔའ་རྒོད་དཔུང་མཐུག་གི་རྒྱུ་ཚོགས་ཟུང་འབྲེལ་ཡིན།།

སྲོང་བཙན་ཐབས་ཇུས་ལ་བློ་བ་མ་ལོག་ཅིང་།།

བཙན་པོའི་དམག་དོན་གྱི་འགུལ་སྐྱོད་མ་ཞན་སྔོན།།

གནམ་བསྐོས་ཚངས་པས་ཀྱང་འགྲན་པར་མ་བཟོད་པའི།།

ཆེ་བཙན་ཐ་སྙད་ཀྱིས་ཆོ་ལོ་ཕུལ་ས་ཡིན།།

གཡས་རུ་དབུ་རུའི་བར་འགལ་ཟླ་མ་གྱུར་ཅིང་།།

ཡུམ་བརྟེན་འོད་སྲུང་གིས་རྒྱལ་སར་མ་རྩོད་སྔོན།།

རྒྱལ་སྲིད་མངའ་ཐང་ལ་གོད་ཆག་མ་ཤོར་པར།།

ཡ་གླིང་སུམ་གཉིས་ལ་ཐིག་རིས་བཏབ་ནས་ཡོད།།

ང་ཤི་ཁྱོད་གསོན་གྱི་ནང་འཁྲུག་མ་བྱུང་ཞིང་།།

མངའ་འབངས་འོག་སྡེ་ཡིས་གྱེན་ལོག་མ་བྱེད་སྔོན།།

དཔུང་འགྲན་གཡུལ་ས་ནས་ཕམ་པ་མ་མྱོང་པར།།

བརྒྱད་ཁྲིར་སྟོང་རྡུག་གི་ལོ་རྒྱུས་གསལ་ལེར་ཡོད།།

ཕྱི་དམག་ནང་འདྲེན་གྱི་ཟླ་སྦྲེལ་མ་བཟོས་ཤིང་།།

ཆོས་རྒྱུད་གྲུབ་མཐའི་བར་འགལ་སློང་མ་བརྩོན་སྔོན།།

འཚེ་བྲལ་དམ་ཆོས་ལ་རྡུལ་གྱིས་མ་གུས་པར།།

ཐུབ་བསྟན་ལུང་རྟོགས་ཀྱིས་འོད་སྣང་འཚེར་ནས་ཡོད།།

འཁོར་ལོ་ཕྲེང་བ་ཡི་དད་རྒྱུན་མ་ཆད་ཅིང་།།

སྲིད་འབྱོར་མངའ་ཐང་གི་རྒྱུ་བ་མ་འགག་སྔོན།།

སྟོབས་ལྡན་སུ་ལ་ཡང་འཇིགས་སྣང་མི་དགོས་པར།།

ཞི་དྲག་ཐབས་ཇུས་ཀྱི་ལས་དོན་ང་ཚོར་ཡོད།།

དབྱངས་གསལ་ང་རོ་ལ་ཀློག་སྟངས་མ་འགྱུར་ཞིང་།།

བརྡ་སྤྲོད་རྗོད་པ་ཡི་བྱེད་ནུས་མ་ཉམས་སྔོན།།

བཀའ་བསྟན་གླེགས་བམ་ལ་ཐོར་ཤོར་མ་སོང་བར།།

ཁ་བའི་རིག་གཞུང་གི་གཟི་འོད་འཕྲོས་ནས་ཡོད།།

ཕ་སྐད་བརྗོད་དོན་ལ་གཞན་གདངས་མ་འདྲེས་ཤིང་།།

མ་ཡིག་ཀློག་འདོན་གྱི་ལྕེ་རྩེ་མ་དིག་སྔོན།།

དུམ་གསུམ་ཁག་བཞི་ལ་ལོ་ཙཱ་མི་དགོས་པར།།

སྨྲ་བ་གཅིག་ཉིད་ཀྱིས་ཀུན་ལ་ཁྱབ་ནས་ཡོད།།

མཛེས་གཙང་ཁོར་ཡུག་ལ་གཤག་བཅོས་མ་ཤོར་ཞིང་།།

དྭངས་གཙང་ཆུ་མིག་གི་འབབ་རྒྱུན་མ་བཅད་སྔོན།།

ས་མཐའ་སྡེ་ཁུག་ལ་ཉུལ་བ་མི་དགོས་པར།།

འཛམ་གླིང་ཡང་རྩེ་རུ་ཆགས་པའི་གཞིས་བདག་ཡིན།།

༼ འགན་འཁྲི། ༽


  • ལེ་ཚན་སྔོན་མ།:མ་ཡུམ་སློབ་གྲྭར་སྤྲིངས་པའི་འཕྲིན།
  • ལེ་ཚན་རྗེས་མ།:ང་ཡི་ཕ་ཡུལ།