ལས་ཞུགས་ལམ་བུ་ཡག་པོ་བཏོད་ནས་ལས་ལ་བརྩོན་པའི་གླུ་དབྱངས་ལེན།

        2023-08-23

དཔལ་ཡུལ་རྫོང་གིས2023ལོའི་དཔལ་ཡུལ་རྫོང་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་དང་མཐོ་སློབ་སློབ་ཐོན་སློབ་མ་སོགས་ན་གཞོན་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས།

ལས་ཞུགས་ལམ་བུ་ཡག་པོ་བཏོད་ནས་ལས་ལ་བརྩོན་པའི་གླུ་དབྱངས་ལེན།

པར་འདི་ནི་གདན་ཞུ་ཚོགས་འདུའི་ཡུལ་དངོས་རེད།


ཉེ་ཆར། དཔལ་ཡུལ་རྫོང་ཨུ་དང་དཔལ་ཡུལ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། དཔལ་ཡུལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། དཔལ་ཡུལ་རྫོང་ཤེས་ལྡན་མི་སྣ་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་བཅས་ཀྱིས་སྒྲུབ་འགན་འཁུར་བའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་དང་མཐོ་སློབ་སློབ་ཐོན་སློབ་མ་སོགས་ན་གཞོན་ཆེད་དོན་གདན་ཞུའི་ཚོགས་འདུ་དེ་དཔལ་ཡུལ་རྫོང་གྲོང་སྲིད་ཐང་ཆེན་དུ་འཚོགས་པ་རེད།

གདན་ཞུའི་ཚོགས་འདུའི་སྤྱི་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་དང་དེའི་ནང་ཞུགས་ཚད་ཆེ་རུ་གཏོང་བ་དང་། ལས་གནས་འོས་སྦྱོར་གྱི་དམིགས་སའི་རང་བཞིན་སྔར་བས་ཆེ་རུ་གཏོང་ཆེད། གདན་ཞུའི་ཚོགས་འདུ་མ་འཚོག་གོང་དྲྭ་ཐོག་དཔལ་ཡུལ་དང་སྐད་འཕྲིན་ལས་ཞུགས་ཞབས་ཞུའི་ལས་དོན་ཚོགས་པ་སོགས་ཐབས་ལམ་མང་པོ་བརྒྱུད་ནས་རྫོང་ཡོངས་ཀྱི་ལས་ཤོར་མི་སྣ་དང་སློབ་གྲྭ་ནས་བྲལ་ཡང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ལས་འཚོལ་མི་སྣར་ཆེད་དོན་གདན་ཞུ་བྱེད་སྒོའི་སྔོན་བརྡའི་ཆ་འཕྲིན་འོས་སྦྱོར་བྱས་ནས་ལས་འཚོལ་བྱེད་མཁན་ཚོའི་འདོད་བློ་སྐོང་ཅི་ཐུབ་བྱས།

གདན་ཞུའི་ཚོགས་འདུའི་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པོ་ཡོད་པ་རེད། ཁེ་ལས་ཡོངས་རྫོགས་ཀྱི་མདུན་དུ་ལས་གནས་འཚོལ་མཁན་གྱིས་ཁེངས་ཤིང་གདན་ཞུའི་ཚན་པ་དང་ཕན་ཚུན་སྤེལ་རེས་བྱས་ཏེ་རང་འགུལ་ངང་མི་སྤྱོད་ཚན་པའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱས་རྗེས་ཚང་མས་རང་སོས་དོ་ཁུར་བྱེད་པའི་གནད་དོན་ཐད་བློ་འདྲི་ཞིབ་ཕྲ་བྱེད་བཞིན་འདུག། མི་སྤྱོད་ཚན་པས་ཀྱང་ཤུགས་ཡོད་རྒུ་བཏོན་ནས་ལས་གནས་གསལ་བཤད་དང་ཐོབ་སྐལ་འོས་སྦྱོར་བྱས་ཏེ་ལས་གནས་འཚོལ་མཁན་གྱི་ཡིད་དབང་བཀུག།

དཔལ་ཡུལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་གདན་ཞུའི་ཚོགས་འདུའི་ནང་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། དགུ་ཐོག་གསུམ་སྣོན་གྱི་སློབ་ཐོན་སློབ་མ། དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས། མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་། ལས་ཞུགས་མ་ཐུབ་པའི་ཁྱིམ་ཚང་། ངལ་རྩོལ་ནུས་པ་ལྡན་པའི་དབང་པོ་སྐྱོན་ཅན་བཅས་དང་། དེ་བཞིན་ཁེ་ལས་ལས་བྲལ་ལས་ཤོར་མི་སྣ་དང་། ལས་མེད་ན་གཞོན། ཕ་ཡུལ་དུ་ཕྱིར་ལོག་པའི་ཞིང་པ་ལས་མི། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་ཚོགས་སྤྱིར་དམིགས་པ་དང་། བསྡོམས་པའི་ལས་གནས2000ལྷག་ཡོད་ལ་རྣམས་གྲངས་མང་བས་ལས་གནས་འཚོལ་མཁན་ཚོར་རྒྱ་ཆེ་བའི་ལས་གནས་འཚོལ་སའི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད་པ་རེད། ལས་འཚོལ་བར་སྔར་ལས་ལྷག་པའི་ཞབས་ཞུ་ལེགས་པོ་སྒྲུབ་ཆེད། ཡུལ་དངོས་ནས་ད་དུང་ཆེད་མངགས་སྲིད་ཇུས་དྲིལ་བསྒྲགས་ས་ཚུགས་བཙུགས་ནས་དམངས་ཕན་ཁེ་ལས་ཀྱི་སྲིད་ཇུས་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་ཆབས་ཅིག་རྒྱ་ཆེ་བའི་ལས་འཚོལ་བར་སྨན་བཅོས་ཞབས་ཞུ་དང་། ལས་རིགས་མཛུབ་ཁྲིད། ལས་ཞུགས་ལས་གཏོད་གསོ་སྦྱོང་། ལས་གཏོད་ཁག་ཐེག་དངུལ་བུན། ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་འགན་སྲུང་བློ་འདྲི། བཅའ་ཁྲིམས་རོགས་སྐྱོར་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅེས་བཤད།

མཐོ་སློབ་སློབ་ཐོན་སློབ་མ་ལི་ཞའོ་ཅིང་གིས་སྔ་མོ་ནས་ལས་འཚོལ་བྱས་པ་བརྒྱུད་རང་སེམས་མགུ་བའི་ལས་གནས་ཅིག་བཙལ་བ་རེད། མོས་སྤྲོ་སེམས་ཆེན་པོས་དཔལ་ཡུལ་རྫོང་གིས་གཉེར་བའི་གདན་ཞུའི་ཚོགས་འདུ་འདིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིས་སློབ་ཐོན་སློབ་མར་ལས་འཚོལ་ལས་ཞུགས་ཀྱི་ཐབས་ལམ་ཡོག་པོ་མཁོ་འདོན་བྱས་སོང་ཞེས་བཤད།

བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་གདན་ཞུའི་ཚོགས་འདུའི་ནང་ལས་གནས་འཚོལ་མཁན500ལྷག་ཡོང་བ་དང་ལས་འཚོལ་ཐོ་འགོད་ཁྱོན་མི157ལེགས་སྒྲུབ་བྱས། ལས་འཚོལ་པ28དང་ཁེ་ལས་བར་ལས་ཞུགས་ཀྱི་འདོད་མཐུན་བཞག་པ་རེད། གདན་ཞུའི་ཚོགས་འདུ་འཚོགས་ཡུལ་དུ་ད་དུང་དཀར་མཛེས་ཁུལ་ཁུལ་རིམ་པའི་རྩལ་ནུས་མཁས་པའི་ལས་དོན་ཁང་ལ་སྒོ་བྱང་སྤྲད་པ་དང་འབྲེལ་ལས་གཏོད་འཐུས་མི་ཁག་གཅིག་ལ་ལས་གཏོད་ཁ་གསབ་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་ཡུལ་རྫོང་གིས་གོམ་སྟབས་རྗེས་མར་དམངས་འཚོ་འགན་ལེན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་སྲིད་ཇུས་ཁག་མུ་མཐུད་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལས་རིགས་ཁག་གི་ལས་ཞུགས་ལས་གཏོད་ཀྱི་ཆ་འཕྲིན་ཁྱབ་གདལ་གཏོང་བ་དང་། བྱེད་ཐབས་མང་པོ་དང་ཐབས་ལམ་མང་པོར་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་སྟེ་ཡུལ་སྡེ་དར་རྒྱས་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་རེད། དེ་དང་ཆབས་ཅིག་ཕྱོགས་སོ་སོའི་ཐོན་ཁུངས་སྤྱི་འདོམས་ཤུགས་ཆེན་བྱས་ནས་ཁེ་ལས་དང་ལས་གནས་འཚོལ་མཁན་བར་ལས་མི་བཀོལ་སྤྱོད་ཀྱི་འབྲེལ་ཟམ་བཙུགས་ཏེ་མང་ཚོགས་ལ“ལས་ཞུགས་བྱེད་ཐུབ་པ་དང་ལས་ཀ་ཡག་པོར་ཞུགས་ཐུབ་པ”ལ་རོགས་རམ་དང་ཁེ་ལས་ལ“ལས་མི་བསྡུ་ཐུབ་པ་དང་ལས་མི་ཡག་པོ་བསྡུ་ཐུབ་པ”བྱས་ཏེ་བྱ་སྤྱོད་དངོས་ཐོག་ནས་དཔལ་ཡུལ་གྱི་ལས་ཞུགས་དབུལ་སྐྱོར་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་བ་རེད།།

(རྟ་མགྲིན་རྡོ་རྗེས་བསྒྱུར།)


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་བརྒྱད་ཟིལ་རུ་ཆེན་ལ་ཚོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།