གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་དེས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་བསྐུལ།

        2023-08-18

ལྕགས་ཟམ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་ལ་ངོས་ཚེམ་དྲུབ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་བའི་མིང་བྱང་གསར་པར་གྱུར།

ལ་ངོས་ཚེམ་དྲུབ་ནི་སུའེ་རྒྱལ་རབས་ཀྱི་དུས་སུ་བྱུང་བ་དང་ཐང་རྒྱལ་རབས་ཀྱི་དུས་སུ་ཚུགས་འཛིན་ཐུབ་པར་བྱུང་། དེ་ནི་རི་མོ་ཕུན་སུམ་ཚོགས་པོ་དང་ལག་རྩལ་རྩེར་སོན་ཞིང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅས་ལྡན་པར་བརྟེན་འཛམ་གླིང་ཀུན་ཏུ་སྐད་གྲགས་ཆོད་པ་དང་།མི་རྣམས་ཀྱིས་སོར་རྩེ་ན་སྦས་པའི་མེ་ཏོག་ཅེས་བརྗོད་ཀྱི་ཡོད།

2022ལོའི་སྤྱི་ཟླ11པར་ལ་ངོས་འཚེམ་དྲུབ་དེ་སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དྲུག་པར་བདམས་པ་རེད། ཉེ་བའི་ལོ་ཤས་རིང་ལྕགས་ཟམ་རྫོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་རྒྱུ་གཙོ་བོར་བྱེད་པ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་བྱང་ཐོ་འགོད་མ་ལག་འཛུགས་ཤིང་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་ཞིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ནང་གནས་སྒུལ་ཤུགས་སྔོག་འདོན་དང་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ལ་ངོས་འཚེམ་དྲུབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་དེ་སྔར་ལས་ལྷག་པའི་སྒོ་ནས་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་དང་། གསར་སྐྲུན་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ཡོང་བའི་ནང་གནས་ཀྱི་སྒུལ་ཤུགས་ཤིག་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་མིང་བྱང་གསར་པ་ཞིག་ཏུ་གྱུར་པ་རེད།

གཟུགས་མེད་རིག་གནས་ཤུལ་བཞག་དང་ཐོན་ལས་གཉིས་མཉམ་སྤེལ་བྱས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཚོན་རིས་སུ་གྱུར།

ལ་ངོས་འཚེམ་དྲུབ་ཀྱི་ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་བས་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པའང་ཆེན་པོ་ཡོད། ཉེ་ལོར་ལྕགས་ཟམ་རྫོང་གིས་གོ་སྐབས་དམ་དུ་བཟུང་ཞིང་གསར་གཏོད་ཏན་ཏིག་བྱས་ཏེ་གཟུགས་མེད་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་གྱི་ལག་རྩལ་དེ་ཕྱུག་འགྱུར་གྱི་ཐོན་ལས་གསར་པར་འགྱུར་བར་འབད་འབུངས་ལྷོད་མེད་བྱས་ཡོད།

ལ་ངོས་འཚེམ་དྲུབ་སྲུང་སྐྱོང་དེ་བས་ལེགས་ཤིང་རྒྱུན་འཛིན་ཡང་དག་པ་དང་།དེ་གའི་བུད་མེད་ཚོ་སྒོ་འགྲམ་དུ་སྟབས་བསྟུན་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱ་ཆེད། ལྕགས་ཟམ་རྫོང་གིས་ལ་ངོས་ཡུལ་ཤོག་དང་བུམ་པ་གྲོང་རྡལ་སོགས་སུ་ལྕགས་ཟམ་ཁའི་ཀུའེ་ཆུང་ཚེམ་དྲུབ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་དམངས་ཁྲོད་འཚེམ་དྲུབ་ཆེད་ལས་མཉམ་ལས་ཁང་བཙུགས་ནས་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་བྱ་རྒྱུར་གསོན་ཤུགས་བསྣན།

བརྒྱུད་འཛིན་པའི་དཔུང་ཁག་གསོ་སྐྱོང་དང་སྟོབས་ཆེར་གཏོང་ཆེད། ལྕགས་ཟམ་རྫོང་གིས་བུད་མེད་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་ལ་ངོས་ཚེམ་དྲུབ་ཀྱི་གསོ་སྦྱོང་བྱེད་སྒོར་ཞུགས་སུ་བཅུག་ནས་རྒྱ་ཆེ་བའི་བུད་མེད་མང་ཚོགས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཡག་པོ་བྱས་པར་མ་ཟད། ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་ཡོད། ད་སྔའི་བར་ཚེམ་དྲུབ་གསོ་སྦྱོང་ཐེངས20ལྷག་སྤེལ་བ་དང་གསོ་སྦྱོང་ནང་ཞུགས་མཁན700ལྷག་ལ་ཟིན་ཡོད།

ལ་ངོས་འཚེམ་དྲུབ་ཀྱི་སྐད་གྲགས་ཆོད་ཚད་དང་དཔལ་འབྱོར་གྱི་རིན་ཐང་སྔར་བས་མཐོ་རུ་བཏང་སྟེ་ཕྱིར་ཚོང་ཐབས་ལམ་དང་འཛད་སྤྱོད་ཁྲོམ་ར་དེ་བས་རྒྱ་ཆེར་གཏོད་ཆེད། ལྕགས་ཟམ་རྫོང་གིས་ཁ་གཏད་རོགས་སྐྱོར་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་ལ་ངོས་ཚེམ་དྲུབ་ཐོན་རྫས་འགྲེམས་སྟོན་དང་འགྲེམས་ཚོང་གི་བྱེད་སྒོ་སྤེལ་བ་སོགས་བྱས་ནས་ལ་ངོས་ཚེམ་དྲུབ་ཀྱི་གཞི་རྒྱུ་ལྡན་པའི་རྒྱན་གོས་དང་། མགོ་རས། ཕྱི་གོས། ཁ་དཀྲིས། ལྷམ། ཞྭ་མོ། མཛེས་རྒྱན་སོགས་སྒྱུ་རྩལ་ཐོན་རྫས་དང་དྲན་རྟེན་དངོས་རྫས་འགྲེམས་སྟོན་བྱས་ཏེ་ལ་ངོས་ཀྱི་མཛེས་ཉམས་ལྡན་པའི་ཚེམ་དྲུབ་ཀྱི་སྤུས་རྟགས་བཏོད་ཡོད།

ད་ཆར་ལ་ངོས་འཚེམ་དྲུབ་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བྲིན་ཚོང་བྱས་པར་རྒྱ་ཆེ་བའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པ་དང་། ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་ལ་ཚོད་དཔག་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། གཟུགས་མེད་རིག་གནས་ཤུལ་བཞག་དང་ཐོན་ལས་ཟུང་དུ་འབྲེལ་བའི་མཉམ་སྐུལ་མཉམ་སྤེལ་འོག་ཚེམ་བུའི་ཁབ་རྩེ་ཆུང་ཆུང་གིས་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་བཏོད་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་བརྒྱུད་འཛིན་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འདེགས་སྐྱོར་ཤུགས་ཆེན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

གཟུགས་མེད་རིག་གནས་ཤུལ་བཞག་ལྔ་སྤེལ་གྱིས་སོར་རྩེའི་སྒྱུ་རྩལ་བརྒྱུད་འཛིན་བྱ་བར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་བཏང་།

ལ་ངོས་ཀྱི་ཚེམ་དྲུབ་ལག་རྩལ་ལོ་ངོ་སྟོང་ལ་བརྒྱུད་འཛིན་བྱས་ཏེ་ལྕགས་ཟམ་ཁའི་མང་ཚོགས་ཀྱི་གྱོན་ཆས་དང་རྒྱན་ཆའི་ཁྲོད་ནས་རྒྱུན་དུ་མཐོང་རྒྱུ་ཡོད་ལ། དེའི་ཐོན་རྫས་ཀྱི་རིགས་དང་རི་མོ་ལས་དམངས་ཁྲོད་ཀྱི་གནའ་བཤད་དང་ལྷ་སྒྲུང་གི་གཏམ་རྒྱུད་མང་པོ་ཡོད།

ཉེ་བའི་ལོ་ཤས་རིང་ལྕགས་ཟམ་རྫོང་གིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་ཁུངས་ལ་དམིགས་ནས་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞི་དང་རྒྱུན་འཛིན་ཚོགས་སྤྱིར་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལྔ་སྤེལ་འགྲེམས་སྟོན་བྱེད་སྒོ་ཐེངས30ལྷག་སྤེལ་ཏེ་མང་ཚོགས་དེ་བས་མང་པོས་ལྕགས་ཟམ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་ཆ་རྒྱུས་ལོན་ཐུབ་པ་དང་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ནང་ཞུགས་པར་ཡིད་དབང་བཀུག་སྟེ་ལ་ངོས་ཚེམ་དྲུབ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་མི་དམངས་ཀྱི་འཚོ་བའི་ཁྲོད་དེ་བས་ལེགས་པའི་ངང་་འདྲེས་འབྲེལ་ཐུབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་མོས་སེམས་དང་ཞུགས་སེམས།ཐོབ་སེམས་བཅས་ཇེ་དྲག་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།

བརྒྱུད་འཛིན་གསར་གཏོད་ལས་ལ་ངོས་ཚེམ་དྲུབ་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད།

གསར་བརྗེའི་གནས་རྙིང་ལྕགས་ཟམ་རྫོང་དུ་གཟུགས་མེད་རིག་གནས་ཤུལ་བཞག་མང་པོ་ཡོད། ལོ་ངོ་སྟོང་ཕྲག་རིང་ལ་ལྕགས་ཟམ་ཁ་པ་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་ལ་ནང་དོན་ཕུན་སུམ་ཚོགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་བཅུ་ལྷག་གི་རིང་ལ་སྔོག་འདོན་དང་སྲུང་སྐྱོང་བྱས་པ་བརྒྱུད་ལྕགས་ཟམ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི34ལ་ཟིན་པ་དང་རིམ་ཁག་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ21ཡོད་པ་རེད། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་འཕེལ་རྒྱས་གཏོང་བ་དེས་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བར་སྐུལ་འདེད་གཏོང་ཞིང་། རིག་གནས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་བཅས་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། ལྕགས་ཟམ་རྫོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་རྒྱུ་གཙོ་བོར་བྱས་ནས་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པ་དང་།ལ་ངོས་ཚེམ་དྲུབ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་སྙིང་བཅུད་སྔོག་འདོན་དང་ལེགས་སྒྲིག། སྲུང་སྐྱོང་བཅས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ལ་ངོས་ཚེམ་དྲུབ་དེ་དུས་རབས་གསར་པའི་ནང་འཕེལ་རྒྱས་དང་བརྒྱུད་འཛིན་ཐུབ་པར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་བས་བརྟན་དུ་བཏང་དང་གཏོང་བཞིན་ཡོད།

རྒྱུན་འཛིན་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་གཟུགས་མེད་རིག་གནས་ཤུལ་བཞག་དང་ཡུལ་སྐོར་མཉམ་སྤེལ་བྱས་པར་བརྟེན་མི་རིགས་ཁག་བར་འགྲོ་འོང་རྒྱ་ཁྱབ་ཏུ་གཏོང་བ་དང་།སྤེལ་རེས་གཏིང་ཟབ།མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་གི་ཡོད་། ཉེ་བའི་ལོ་ཤས་རིང་།ལྕགས་ཟམ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་དང་ཡུལ་སྐོར་མཉམ་འདྲེས་སྤེལ་བའི་ཉམས་ལེན་ལས་གཞི་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ལྕགས་ཟམ་རྫོང་ཉིད་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། ད་ལོའི་སྤྱི་ཟླ་ལྔ་པར་བཏོན་པའི་ཡུལ་སྐོར་དྲིལ་བསྒྲགས་ཀྱི་གཟུགས་ལམ་རབ་རིམ་བརྒྱུད་དེ་རྒྱ་ཆེ་བའི་དྲྭ་གྲོགས་ཚོར་དྲྭ་ཐོག་ནས་གཟུགས་མེད་རིག་གནས་ཤུལ་བཞག་ལ་ངོས་ཚེམ་དྲུབ་ཀྱི་མཛེས་སྡུག་ཉམས་སུ་མྱོང་བཅུག་པ་རེད།

ལྕགས་ཟམ་རྫོང་གིས་སྲོལ་རྒྱུན་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་འགྲན་བསྡུར་སྣ་ཚོགས་གཉེར་བ། འདུ་ཚོགས་གཟབ་རྒྱས་སྤེལ་བ་སོགས་ཀྱི་གོ་སྐབས་གང་ལེགས་སྤྱད་དེ་ལ་ངོས་ཚེམ་དྲུབ་ཀྱི་ནང་དོན་དང་གཞི་རྒྱུ་མཉམ་འདྲེས་གང་ལེགས་བྱས་ནས་ཕན་ཚུན་མཉམ་སྤེལ་རང་བཞིན་དང་། ཞུགས་པའི་རང་བཞིན། ཉམས་ལེན་རང་བཞིན་བཅས་ཀྱི་རྣམ་པའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་ལ་ངོས་ཚེམ་དྲུབ་ལ་ཉམས་སུ་མྱོང་བཅུག་སྟེ་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སེམས་མཐུན་རི་མོ་དེ་བས་མཛེས་ཤིང་ལེགས་པ་འབྲི་དགོས་སོ།།

 ཚེ་རིང་ལྷ་འཛོམས་ཀྱིས་བྲིས།

  • ལེ་ཚན་སྔོན་མ།:《གངས་དཀར་རི་བོ》དུས་དེབ་ཁང་གིས་གསོ་སྦྱོང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།