《གངས་དཀར་རི་བོ》དུས་དེབ་ཁང་གིས་གསོ་སྦྱོང་ཚོགས་འདུ་འཚོགས།

        2023-08-16

     རང་ཁུལ་གྱི་བོད་རྒྱ་ཡིག་རིགས་ཀྱི་རྩོམ་པ་པོའི་གསར་རྩོམ་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད་དང་རྩོམ་པ་པོའི་དཔུང་སྡེ་སྔར་བས་འཐུས་ཚང་དུ་བསྐྲུན་ཆེད། རྩོམ་རིག་གི་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་སོགས་ཀྱི་ཆེད་དུ། སྤྱི་ཟླ8པའི་ཚེས12ནས14བར། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། འདབ་པ་རྫོང་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། འདབ་པ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། གངས་དཀར་རི་བོའི་དུས་དེབ་ཁང་གིས་སྒྲུབ་འགན་ཁུར་བའི2023ལོའི《གངས་དཀར་རི་བོ》དུས་དེབ་ཁང་གི་བོད་རྒྱ་ཡིག་གི་རྩོམ་རིག་གསར་རྩོམ་གསོ་སྦྱོང་ཚོགས་འདུ་འདབ་པ་རྫོང་དུ་འཚོགས་པ་རེད།

《གངས་དཀར་རི་བོ》དུས་དེབ་ཁང་གིས་གསོ་སྦྱོང་ཚོགས་འདུ་འཚོགས།

     ཐེངས་འདིའི་གསོ་སྦྱོང་ཚོགས་འདུར། མིང་དུ་གྲགས་པའི་ཆེད་མཁས་པ་སྐོར་ཞིག་གདན་འདྲེན་ཞུས་ཡོད་ལ། ཧི་མ་ལ་ཡའི་རིག་གཞུང་གི་ཕྱི་ནང་གསང་གསུམ་ལ་དམིགས་པའི་ཞིབ་འཇུག་མཁན་མཁས་དབང་ལྟག་ཨོ་རྒྱན་ཆོས་འཕེལ་མཆོག་གིས《ལྷ་སྒྲུང་དང་འབྲེལ་བའི་གཏམ》ཞེས་པའི་བརྗོད་གཞིའི་ཐོག་ནས་འཆད་ཁྲིད་གནང་བ་དང་།   བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་ལགས་གྱིས《སྙན་ངག་གི་འཚོ་བ་དང་སྙན་ངག་གི་འཇིག་རྟེན》ཞེས་པའི་བརྗོད་གཞིའི་ཐོག་ནས་འཆད་ཁྲིད་གནང་། བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས《གསར་རྩོམ་གྱི་མྱོང་བ་བརྗོད་པ》ཞེས་པའི་བརྗོད་གཞིའི་ཐོག་ནས་འཆད་ཁྲིད་གནང་བ་རེད།   

     གསོ་སྦྱོང་ཚོགས་འདུ་མཇུག་རྫོགས་རྗེས་བགྲོ་གླེང་གི་རྣམ་པ་བརྒྱུད་དེ《གངས་དཀར་རི་བོ》དུས་དེབ་ཀྱི་བོད་རྒྱ་ཡིག་རིགས་པར་མ་སོ་སོའི་མི་འདང་ས་དང་།  འཐུས་སྒོ་ཚང་དུ་གཏང་དགོས་ས། དུས་དེབ་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏང་ཐབས་སོགས་ཀྱི་ཐད་ལ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཁ་ཞེ་གཉིས་མེད་ཀྱི་སྒོ་ཐོག་ནས་བསམ་འཆར་ལྷུག་པོར་བརྗོད་ཡོད་པ་རེད།

     འདབ་པ་རྫོང་ཨུ་སོགས་འབྲེལ་ཡོད་ལས་ཁུངས་དང་། 《གངས་དཀར་རི་བོ》དུས་དེབ་ཁང་། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ།  རང་ཁུལ་གྱི་ནུབ་རྒྱུད་རྫོང་ཁག་ལྔའི་རྩོམ་པ་པོ་དང་གཞན་རྩོམ་ཞེན་པ་སོགས་ཁྱོན་ལ་ཚོགས་མི70ལྷག་ཐེངས་འདིའི་གསོ་སྦྱོང་ཚོགས་འདུར་ཞུགས།


གསར་འགོད་པ། ཆོས་དབྱིངས་ནོར་བུ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།