གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་ཇེ་ཆེར་གཏོང་རྒྱུའི་འབོད་སྐུལ་བཏང་།

    ཀྲུང་གོ་བོད་ཀྱི་དྲ་བ།    2023-08-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་སྐབས་དྲུག་པ་ཚེས་བཅུ་དགུ་ཉིན་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཡའོ་ཧན་ནེ་སི་པའོ་ནས་བསྡུས། གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སུམ་ཅུ་ཙམ་གྱི་སྨྱན་སྦྱོར་དང་བློ་མཛོད། རྒྱལ་སྤྱིའི་རྩ་འཛུགས་སོགས་ལས་ཁུངས་བརྒྱ་ཙམ་གྱི་འཐུས་མི་ཉིས་བརྒྱ་ཙམ་གྱིས་གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་སྨྱན་སྦྱོར་གྲོས་མོལ་ལ་ཤུགས་བསྣན་ནས་དྲང་གཞག་གི་མ་འོངས་མཉམ་སྤྱོད་བྱེད་ཅེས་པའི་བརྗོད་གཞིར་དམིགས་ནས་གྲོས་སྡུར་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་གྲོགས་པོའི་འབྲེལ་བ་འཛུགས་པ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་རྐྱེན་སྲོལ་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཆེད་དུ་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས།

གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་ཀྱི་ཀྲུའུ་ཞི་ལས་ཐོག་པ། ཞིན་ཧྭ་གསར་འགྱུར་ཁང་གི་འགོ་གཙོ་ཧྥུའུ་ཧྭ་ཡིས་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས། གསེར་གྱོམ་རྒྱལ་ཁབ་ཀྱི་སྨན་སྦྱོར་གྱིས་དུས་རབས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད་པ་དང་མཉམ་ལས་ཀྱི་བར་སྟོང་ཡངས་པོ་ཡོད་ཅེས་བཤད། ཁོས་གྲོས་གཞི་བཞི་བཏོན་པ་སྟེ། གཅིག མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་མཉམ་དུ་དར་སྤེལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་བར་སྐུལ་འདེད་གཏོང་དགོས། གཉིས། དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ཁྲིམས་འཛུགས་པར་མཉམ་དུ་སྐུལ་འདེད་བཏང་ནས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཧུར་ཐག་གིས་མཐོར་འདེགས་བྱེད་དགོས། གསུམ། དུས་རབས་གསར་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་གཏམ་རྒྱུད་བཟང་བོར་བཤད་དེ། གསེར་གྱོམ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཡིད་ཆེས་ཧུར་ཐག་གིས་ཆེ་རུ་བསྐྱེད་དགོས། བཞི། ཤེས་རིག་བརྗེ་རེས་དང་སློབ་སྦྱོང་ལ་མཉམ་དུ་ཡར་སྐུལ་བྱས་ཏེ། ཤེས་རིག་མི་འདྲ་བའི་བར་གྱི་འདྲ་མཉམ་གྲོས་མོལ་དང་འགྲོ་འོང་བརྗེ་རེས་ལ་ལས་སྟེགས་འདོན་སྤྲོད་བྱེད་དགོས་ཟེར།

ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་སྲིད་འཛིན་ཏང་ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་རྒྱལ་ཡོངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལའེ་ཧུའུ་ཐི་ཡིས་གླེང་སྟེགས་འགོ་བརྩམས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་ཇེ་ཆེར་གཏོང་བའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད། རྒྱལ་ཁབ་ཁ་ཤས་ཀྱིས་རྒྱལ་སྤྱིའི་སྐད་ཆ་བཤད་དབང་སྒེར་སྡོམ་བྱ་རྒྱུའི་ལྐོག་གཡོ་བཅངས་ནས། སྨྱན་སྦྱོར་དག་བདག་དབང་ཅན་གྱི་རྒྱལ་ཁབ་གཞན་པར་རྒོལ་གཏམ་གཏོང་བའི་ལག་ཆ་རུ་བསྒྱུར་བཞིན་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་འཛམ་གླིང་ལ་སྨྱན་སྦྱོར་གྱིས་འཛིན་གླིང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་འབད་འོས་པ་ལས། དམག་འཁྲུག་སློང་བའི་ལག་ཆ་རུ་འགྱུར་མི་རུང་ཞེས་མངོན་བསྒྲགས་བྱས་པ་ཡིན་ཟེར།

ཐཱ་སི་གསར་འགྱུར་ཁང་གི་འགོ་གཙོ་ཁུང་ཏི་ལཱ་ཧྲའོ་ཧྥུའུ་ཡིས་ཉེ་བའི་ལོ་འགའི་རིང་ལ་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་ནི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་མཉམ་ལས་བྱེད་པའི་དམིགས་བསལ་གྱི་ཚབ་མཚོན་རང་བཞིན་གྱི་ལས་སྟེགས་ཤིག་ཡིན་ཞེས་བཤད། ཁོས་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་ཆ་འཕྲིན་རྫུན་མར་མཉམ་དུ་ངོ་རྒོལ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ད་ལྟའི་ཨུ་རུ་སི་ཞེས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་པོ་པུའུ་ལོ་ཚིས་ཁ་ཡཱ་ཡིས་བཤད་རྒྱུར། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་དམག་འཁྲུག་དང་བཀྲེས་ལྟོགས། རིམས་ནད་སོགས་ཀྱི་ཐ་སྙད་སྤྱོད་བཞིན་ཡོད་ལ། རྒྱལ་ཁབ་གཞན་པའི་སྨྱན་སྦྱོར་གྱིས་བསྒྲགས་པའི་གསར་འགྱུར་དེ་ནུབ་ཕྱོགས་སྨྱན་སྦྱོར་གྱི་གསར་འགྱུར་དང་མི་འདྲ་ཚེ། ཁོ་ཚོས་རྒྱལ་ཁབ་གཞན་དག་གི་སྨྱན་སྦྱོར་གྱིས་ཆ་འཕྲིན་རྫུན་མ་བསྒྲགས་པ་རེད་ཅེས་སྐུར་འདེབས་བྱེད་བཞིན་ཡོད་ཟེར། ཁོ་མོས་རྒྱལ་སྤྱིའི་སྒྲིག་ཁྲིམས་གསར་བའི་ཁྲོད་ཀྱི་སྨྱན་སྦྱོར་གནས་བབ་ཐད་ངེས་པར་དུ་དོན་དམ་གྱི་སྣེ་མང་ཅན་མངོན་འགྱུར་བྱ་དགོས་ཞེས་བཤད།

གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞི། པ་ཞིའི་དངུལ་རྩ་ཆ་འཕྲིན་སྡེ་ཚོགས་ཀྱི་སྤྱི་འདོམས་པ་སང་ཆེ་སི་ཡིས་ཤིས་ཚིག་འབུལ་སྐབས། གསར་འགྱུར་ཆ་འཕྲིན་གྱི་ཡིད་རྟོན་རང་བཞིན་དང་དྲང་གཞག་རང་བཞིན་གྱི་དོན་སྙིང་གལ་ཆེན་ནན་བཤད་བྱས། ཁོས་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་བར་དུ་བརྗེ་རེས་འབྲེལ་འདྲིས་བྱེད་རྒྱུ་ཧ་ཅང་གལ་ཆེ་བས། ཁོངས་གཏོགས་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་ཁོར་ཡུག སྤྱི་ཚོགས་སོགས་ཕྱོགས་ནས་རྒྱུན་སྲིང་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས་ཞེས་བསྟན།

པ་ཞིའི་གསར་འགྱུར་ཀུང་ཟིའི་སྤྱི་འདོམས་པ་ཏོ་དབྱི་ལེ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་སྐད་ཆ་བཤད་དབང་ཇེ་ཆེར་གཏོང་བ་དང་། འཛམ་གླིང་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཧ་ཅང་གལ་ཆེན་བཞག་ཡོད་ལ། ཞི་བདེ་དང་མཉམ་ལས་ནི་དུས་གཏན་དུ་དེའི་དམིགས་འབེན་གཙོ་བོ་ཡིན་ཞེས་བཤད།

ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་སྒེར་ཚུགས་སྨྱན་སྦྱོར་སྡེ་ཚོགས་ཀྱི་ཀྲུའུ་ཞི་ལས་ཐོག་པ་སུའུ་ཨར་ཝེ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་རིག་གནས་སྣ་མང་གིས་འཛམ་གླིང་ཧྲིལ་བོའི་གྲོས་མོལ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་དཀྱེལ་ཡངས་དང་མཉམ་ལས། དྲང་གཞག་གི་རྒྱལ་སྤྱིའི་སྒྲིག་ཁྲིམས་གསར་པ་འཛུགས་པར་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བཤད། ཁོས་གླེང་སྟེགས་ཀྱིས་མི་རྣམས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་འཕྲད་པའི་འགྲན་སློང་ལ་སྔར་ལས་རྒྱུས་ལོན་བྱེད་པར་རོགས་རམ་བྱེད་ཐུབ་པར་མ་ཟད། རྒྱལ་ཁབ་འདི་དག་གི་འཐུས་ཚབ་ལ་རང་གི་ལྟ་བ་དང་རེ་འདོད་བརྗོད་སའི་ལས་སྟེགས་འདོན་སྤྲོད་བྱས་ཡོད་ཅེས་བསྟན།

གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་ནི་ཉིས་སྟོང་བཅོ་ལྔ་ལོར་ཞིན་ཧྭ་གསར་འགྱུར་ཁང་གིས་གྲོས་འགོ་བཏོན་པར་མ་ཟད་པ་ཞི་དང་ཨུ་རུ་སི། རྒྱ་གར། ཨ་ཧྥེ་རི་ཁ་ལྷོ་མ་བཅས་ཀྱི་སྨྱན་སྦྱོར་གཙོ་བོར་མཉམ་འབྲེལ་བྱས་ཏེ་བཙུགས་པ་རེད། སྐབས་འདིའི་གླེང་སྟེགས་ནི་ཞིན་ཧྭ་གསར་འགྱུར་ཁང་དང་ཀྲུང་གོ་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་མཉམ་འབྲེལ་བྱས་ཏེ་བསྡུས་པ་ཡིན་ལ། གླེང་སྟེགས་ཀྱི་སྐབས་སུ་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་འགུ་སྐྱོད་འཆར་གཞི་སྤེལ་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་བར་གྱི་དངོས་གཉེར་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།


  • ལེ་ཚན་སྔོན་མ།:བོད་ལྗོངས་ནས་ཡ་གླིང་གི་ཤོང་སྡོང་མཐོ་ཤོས་དེ་རྙེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།