2023-08-23
ཅི་ཞིག་ནི་ཆུ་འབྲུབ་པའི་དུས་སྐབས་རེད་ཟེར་ན།
ཆུ་འབྲུབ་པའི་དུས་སྐབས་ཞེས་པ་ནི་གཙང་པོ་དང་ཆུ་བོར་འབབ་རྒྱུད་ནང་དུས་ཚིགས་རང་བཞིན་གྱི་ཆར་ཆུ་འབབ་པ་དང་། འཁྱགས་པ་ཞུ་བ། གངས་ཞུ་བ་བཅས་ཀྱི་རྐྱེན་ལས་དུས་ཚིགས་རང་བཞིན་གྱི་ཆུ་གནས་འཕར་བའི་དུས་སྐབས་ལ་ཟེར།
ཅི་ཞིག་ནི་འབྲུབ་ཆུ་སྔོན་འགོག་རེད་ཟེར་ན།
འབྲུབ་ཆུ་སྔོན་འགོག་ཅེས་པ་ནི་ཆུ་ལོག་གི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་རྒྱུ་དང་། ཆུ་ལོག་སྔོན་བརྡ་གཏོང་བ་དང་། ཆུ་ལོག་སྔོན་འགོག་བཀོད་གཏོང་། ཆུ་ལོག་འགོག་པའི་བཟོ་སྐྲུན་བེད་སྤྱོད་སོགས་ཀྱི་ཐད་འབྲེལ་ཡོད་ཀྱི་ལས་དོན་སྤེལ་བ་ལ་ཟེར། འབྲུབ་ཀྱི་གོ་དོན་ནི་གཙང་པོ་དང་མཚེའུ་སོགས་ཆུ་ཁོངས་ཀྱི་དུས་ཚིགས་རང་བཞིན་ནམ་ཡང་ན་དུས་འཁོར་རང་བཞིན་གྱི་ཆུ་རྒྱས་པའི་སྣང་ཚུལ་ལ་གོ་དགོས།
ཅི་ཞིག་ནི་ཆུ་ལོག་རེད་ཟེར་ན།
ཆུ་ལོག་ནི་གཙང་པོ་དང་ཆུ་བོ། མཚེའུ། ཆུ་མཛོད་བཅས་ཀྱི་ཆུ་གནས་གློ་བུར་དུ་འཕར་བ་དང་། ཆུ་རགས་ལུད་པའམ་ཆུ་རགས་ཤོར་བ། ཆུ་བོ་སྐམ་སའི་ཁོངས་སུ་བཞུར་བ་བཅས་ལས་བྱུང་བའི་གནོད་འཚེ་རེད། ཆུ་ལོག་གིས་ཞིང་ལས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་ཕུད། ད་དུང་བཟོ་ལས་དང་ཐ་ན་ཚེ་སྲོག་རྒྱུ་ནོར་ལའང་གྱོང་གུན་བཟོ་སྲིད། འདི་ནི་མིའི་རིགས་འཚོ་གནས་ལ་འཇིགས་སྐུལ་ཐེབས་པའི་རང་བྱུང་གནོད་འཚེ་ཆེན་པོ་བཅུའི་གྲས་ཤིག་ཡིན།
དྲག་ཆར་འབབ་དུས་སུ་སྔོན་འགོག་བྱེད་ཐབས་ཇི་ལྟར་ལག་བསྟར་བྱེད་དགོས་སམ་ཞེ་ན།
༡ དྲག་ཆར་འབབ་དུས་སུ་སྒོ་དང་སྒེའུ་ཁུང་བརྒྱབ་ནས་ཆར་ཆུ་ཁང་པའི་ནང་མི་འཛུལ་བ་བྱས་ཏེ། ཆུ་འཛུལ་ཡོང་དུས་འཕྲལ་མར་གློག་ཁུངས་དང་སོལ་རླངས་སོགས་སྒྲིག་ཆས་ཀྱི་སྒོ་བརྒྱབ་དགོས།
༢ ས་དམའ་སར་ཡོད་པའི་ཕྱི་རོལ་གྱི་གློག་ཁུངས་ལ་བཅར་མི་རུང་།
༣ ཆུ་རྒྱུན་ཁྲོད་འགྲོ་མི་རུང་། གཏིང་ཚད་ལི་སྨི་15ཡོད་པའི་ཆུ་རྒྱུན་གྱིས་མི་འགྱེལ་དུ་འཇུག་ཐུབ།
༤ རི་ཁུལ་དུ་ཆུ་རྒྱུན་དྲག་ཏུ་འབབ་པ་དང་རྙོག་རྫོབ་ཆེ་བ། བྱེ་འདམ་འདྲེས་པ་ཡིན་ན། འདི་ནི་རི་ཆུ་རྒྱས་པའི་སྔ་ལྟས་ཡིན་ཤས་ཆེ་བས་གང་མགྱོགས་ཆུ་ལམ་དང་ལུང་ཤུར་ལས་ཁ་བྲལ་དགོས།
༥ དྲག་ཆར་ཁྲོད་རླངས་འཁོར་གཏོང་སྐབས་ཆར་སྨུག་གི་གློག་སྒྲོན་བཀར་ནས་ག་ལེར་གཏོང་བ་དང་། ཆུ་ལོག་སྔོན་འགོག་བྱ་རྒྱུར་དོ་སྣང་བྱས་ཏེ་འཁྱིལ་ཆུ་དང་ལམ་རྡིབ་པ་ལས་གཡོལ་དགོས།
༦ ཁྲོམ་གཞུང་ཐོག་གི་གློག་ཤུགས་སྒྲིག་བཀོད་ལ་དོ་སྣང་བྱེད་དགོས། དཔེར་ན་གློག་སྐུད་ལྷུང་ཚེ་འཕྲལ་དུ་རྒྱང་ཐག་རིང་དུ་གཏོང་བ་དང་འབྲེལ་གང་མགྱོགས་གློག་ཤུགས་སྡེ་ཚན་ལ་སྙན་སེང་ཞུ་དགོས།
༧ གལ་ཏེ་སྡོད་གནས་ཆུས་བསྣུབས་པའི་གནས་ཚུལ་ཚབས་ཆེན་འབྱུང་སྲིད་ན། སྡོད་གནས་ལས་ཕྱིར་འཐེན་བྱས་ཏེ་གནས་སྐབས་བདེ་འཇགས་ས་གནས་སུ་གཡོལ་ཐབས་བྱེད་དགོས།
( རྩོམ་སྒྲིག་པས་འཚོལ་སྡུད་བྱས།)
རྩོམ་གསར། 10