2023-08-21
ནོར་འཁྲུལ་གྱི་ལྟ་ཚུལ་དང་པོ།
སེམས་ཁམས་ནད་རིགས་ནི་ནད་རིགས་ཤིག་མིན་པར་འདོད་པ།
མི་མང་པོ་ཞིག་གིས། སེམས་ཁམས་ལ་དགའ་སྡུག་ཡོད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས།རང་ཉིད་ཀྱིས་དེ་ལ་ཚོད་འཛིན་བྱེད་ཤེས་དགོས་པར་འདོད་ཀྱིན་ཡོད།དོན་གྱིས་ངོས་བཟུང་ཟིན་པའི་སེམས་ཁམས་གནད་དོན་དེ་ནི་ནད་རིགས་ཤིག་ཡིན་ལ། སེམས་ཁམས་དང་ལུས་ཁམས་གཉིས་ཀར་འབྲེལ་ཞིང་། ཆེད་ལས་ཀྱི་གསོ་བཅོས་དང་རྒྱབ་སྐྱོར་མཁོ་བ་རེད། ནད་རྟགས་གསལ་པོ་མེད་ན་ལུས་པོར་གནོད་འཚེ་མེད་པར་འདོད་མི་རུང་། ལན་རེར་དེས་ཐེབས་པའི་གནོད་འཚེ་དང་སྡུག་བསྔལ་ནི་ལུས་པོའི་ན་ཟུག་ལས་ཀྱང་བཟོད་དཀའ།
ནོར་འཁྲུལ་གྱི་ལྟ་ཚུལ་གཉིས་པ།
སེམས་ཁམས་ཀྱི་གནད་དོན་ནི་མཐོང་དཀོན་པ་ཞིག་ཡིན་པར་འདོད་པ།
བརྟག་དཔྱད་ཆེ་གྲས་ཤིག་གི་མཇུག་འབྲས་ལས་མངོན་པ་ལྟར་ན།ཀྲུང་གོའི་མི་དར་མར་སེམས་ཁམས་ཀྱི་གནད་དོན་གང་རུང་ཞིག་གི་གནོད་འཚེ་ཐེབས་ཀྱིན་པའི་ཚད16.57%ཡིན་ལ། དེ་ནི་དཔེར་བླངས་ན། ཁྱེད་ཉིད་མི་གྲངས་བརྒྱ་ལྷག་ཡོད་པའི་ལས་ཁུངས་ཤིག་ཏུ་མི་ཚེ་གང་བོར་ལས་གཉེར་བྱེད་བཞིན་ཡོད་ན།ཁྱོད་རང་ཕལ་ཆེར་སེམས་ཁམས་གནད་དོན་གྱི་གནོད་འཚེ་མྱོང་བཞིན་པའི་ལས་གྲོགས16ལྷག་དང་འཕྲད་སྲིད་ལ། བསྡུར་གྲངས་དེ་ནི་ཧ་ཅང་མཐོ་བ་རེད། དེ་བས་སེམས་ཁམས་ཀྱི་གནད་དོན་ནི་རང་ཉིད་དང་ཧ་ཅང་ཐག་རིང་བར་འདོད་མི་རུང་བ་དང་། སེམས་ཁམས་གནད་དོན་དེ་དམིགས་བསལ་ཞིག་ཏུའང་སེམས་མི་རུང་།ཁྱོད་ཀྱིས་ཚོར་མེད་པ་དང་ཁོ་ཚོས་བཤད་མི་འདོད་པ་ཙམ་ལས་དོན་དངོས་སུ་སེམས་ཁམས་གནད་དོན་གྱིས་ཁྱོད་ཀྱི་ཉེ་འགྲམ་གྱི་མི་ལ་ངན་ཤུགས་ཐེབས་ཀྱིན་ཡོད་པར་མ་ཟད། ཁྱོད་རང་ཉིད་ལའང་ངན་ཤུགས་ཐེབས་ཀྱིན་ཡོད།
ནོར་འཁྲུལ་གྱི་ལྟ་ཚུལ་གསུམ་པ།
བྱ་སྤྱོད་མི་ལེགས་པའི་ཁ་གཡར་ས་ཡིན་པར་འདོད་པ།
སེམས་ཁམས་བདེ་ཐང་མ་ཡོང་ན་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་མི་ལེགས་པ་སྣ་ཚོགས་སྟོན་པ་དང་ནོར་འཁྲུལ་གྱི་གདམ་གསེས་བྱེད་ལ། ཡང་ན་ཉེ་འགྲམ་གྱི་མི་དང་འབྲེལ་འདྲིས་ལེགས་པོ་བྱེད་མི་ཐུབ་པར། གཞན་ལ“མི་དེའི་རང་གཤིས་ལ་མ་གཞི་ནས་གནད་དོན་ཡོད་པའི”ཚོར་སྣང་སྟེར་མོད། དེ་འདྲའི་བྱ་སྤྱོད་ཕལ་ཆེ་བ་ནི་ནད་རིགས་ཀྱིས་བསླངས་པ་རེད། སྨྱོ་ནད་རིག་པའི་ཆེད་མཁས་པས་བལྟས་ན། ནད་པ་མང་ཤས་ཀྱིས་སེམས་ཁམས་ཀྱི་གནད་དོན་དེ་བྱ་སྤྱོད་མི་ལེགས་པའི་འགན་འཁྲི་ལ་གཡོལ་བའི་བྱེད་ཐབས་སུ་མི་སྤྱོད་པས། བྱ་སྤྱོད་དེ་དག་གི་འབྱུང་རྩ་ནི་ནད་གཞི་ཡིན་པ་ལས་མི་མིན་པ་ཤེས་ཐུབ།
ནོར་འཁྲུལ་གྱི་ལྟ་ཚུལ་བཞི་བ།
སེམས་ཁམས་ནད་པ་ནི་ཉེན་ཁ་ཞིག་ཏུ་སེམས་པ།
སྨྱན་བྱད་སྟེང་སེམས་ཁམས་ནད་པས་ཉེས་པ་བསགས་པའི་གྱོད་དོན་མང་པོ་བསྒྲགས་ཡོད་པས།མི་རྣམས་ལ་སེམས་ཁམས་ཀྱི་ནད་པ་ནི་སྨྱོན་པ་ཡིན་པའི་སྣང་བ་བྱིན་ཡོད། ཡིན་ནའང་བརྟག་དཔྱད་བྱས་པ་ལྟར་ན། དྲག་ཤུགས་ཉེས་བསགས་ལས5%ནི་ད་གཟོད་སེམས་ཁམས་ནད་པས་བཟོས་པ་ཡིན་ལ།དོན་དངོས་སུ་སེམས་ཁམས་ནད་པ་ནི་དེ་ལས་ལྡོག་སྟེ་དྲག་ཤུགས་ཐེབས་ཡུལ་དང་བརྙས་བཅོས་བྱ་ཡུལ་དུ་གྱུར་ཡོད།
ནོར་འཁྲུལ་གྱི་ལྟ་ཚུལ་ལྔ་བ།
སེམས་ཁམས་སྟེང་གི་ནད་ནི་གསོ་བཅོས་བྱེད་ཐབས་མེད་པར་འདོད་པ།
སེམས་ཁམས་སྟེང་གི་ནད་ལ་སྤྱིར་བཏང་གིས་གསོ་བཅོས་ཀྱི་དུས་ཡུན་རིང་པོ་ཞིག་དགོས་མོད།འོན་ཀྱང་བཅོས་ཐབས་མེད་པ་ཞིག་གཏན་ནས་མིན། རྒྱུན་མཐོང་གི་ནད་རྟགས་ལ་ཡི་མུག་པ་དང་སེམས་འཚུབ་པ་སོགས་ཡོད་ལ། སྔ་མོ་ནས་ཤེས་ཏེ་ཚད་ལྡན་གྱི་གསོ་བཅོས་བྱས་ན། 90%ཡན་དྲག་སྐྱེད་འབྱུང་ཐུབ། ད་ལྟ་གསོ་བཅོས་བྱེད་ཐབས་མང་ཞིང་སྲིད་ཇུས་ཀྱི་རྒྱབ་སྐྱོར་མང་པོ་ཐོབ་ཡོད་པས། གསོ་བཅོས་ཀྱི་ནུས་པ་ལྷག་ཏུ་བཟང་ངོ་། །
ནོར་འཁྲུལ་གྱི་ལྟ་ཚུལ་དྲུག་པ།
སེམས་ཁམས་སྟེང་ནད་ཡོད་ན་བྱ་བ་སྒྲུབ་ནུས་མེད་པར་འདོད་པ།
ནད་གཞི་འཕེལ་བའི་སྐབས་སུ། ནད་པའི་སེམས་ཁམས་ལ་གནོད་འཚེ་ཐེབས་པ་དང་ལུས་པོ་ཉམ་ཐག་པའི་དབང་གིས། བྱ་བ་བསྒྲུབ་པར་གནོད་འཚེ་ངེས་ཅན་ཐེབས་མོད།འོན་ཀྱང་ནད་གཞི་འགྲིབ་པའི་སྐབས་སུ།བྱ་བ་བསྒྲུབ་པའི་ནུས་པ་སླར་གསོ་བྱུང་སྟེ་སྔོན་ཆད་དང་གཅིག་མཚུངས་ཡིན་པས་བྱ་བའི་སྟེང་གྲུབ་འབྲས་མང་པོ་ལེན་ཐུབ།
ནོར་འཁྲུལ་གྱི་ལྟ་ཚུལ་བདུན་པ།
དུས་ཡུན་རིང་པོར་སེམས་མི་སྐྱིད་པ་ནི་ཡི་མུག་ནད་ཡིན་པར་འདོད་པ།
སེམས་མི་སྐྱིད་པ་ནི་ཡི་མུག་ནད་ཀྱི་ནད་རྟགས་གཙོ་བོ་ཡིན་མོད།འོན་ཀྱང་ཡི་མུག་ནད་ཀྱི་ནད་རྟགས་ལ་སེམས་མི་སྐྱིད་པ་ཁོ་ན་མ་ཡིན་པར། ནད་ཐོག་ལག་ལེན་སྟེང་ནད་པ་དེ་རིགས་ལ་རང་རྨས་དང་རང་སྲོག་གཅོད་འདོད་ཀྱི་སེམས་ཁམས་འབྱུང་ཞིང་། ལུས་པོར་ཤུགས་མེད་པ་དང་རྒྱུ་མཚན་གང་ཡང་མེད་པར་ངུ་བ་སོགས་ཀྱི་ནད་རྟགས་སྣ་ཚོགས་འབྱུང་ཞིང་།རང་སྟེང་ནས་དེ་དག་སྙོམས་སྒྲིག་དང་ཚོད་འཛིན་བྱེད་མི་ཐུབ་པ་རེད། སེམས་ཁམས་སྟེང་གི་ནད་རིགས་ནི་བདེ་ཐང་གི་གནད་དོན་ཚབས་ཆེན་དག་དང་འདྲ་བར་གསོ་བཅོས་ལེགས་པོ་བྱེད་དགོས་པའི་ནད་རིགས་ཤིག་གོ །
སེམས་ཁམས་དང་འབྲེལ་བའི་བརྗོད་གཞི་ལ་ཚང་མས་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ནའང་།ནད་ཐོག་ལག་ལེན་སྟེང་སེམས་ཁམས་ལ་བརྟག་པ་དང་གསོ་བཅོས་བྱེད་པའི་ཚད་སྔར་བཞིན་ཧ་ཅང་དམའ།དེའི་རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ཚོགས་ཀྱིས་དེ་བཙོག་བསྒྱུར་བྱེད་ཚད་ཧ་ཅང་མཐོ་བས་རེད།དཔེར་ན་ད་ལྟ་ད་རུང་མི་མང་ཤས་ཤིག་གིས་ཡི་མུག་ནད་ནི་སེམས་ཆུང་བའི་རྟགས་ཡིན་པ་དང་།སེམས་ཁམས་ཀྱི་ནད་རིགས་ནི་སྨྱོ་ནད་དུ་གཏོགས་པར་འདོད་ཀྱིན་ཡོད།ཨ་རིའིMSNབདེ་ཐང་དྲ་བས་མི་རྣམས་ཀྱིས་སེམས་ཁམས་གནད་དོན་ལ་བཟུང་བའི་ནོར་འཁྲུལ་གྱི་ལྟ་སྟངས་ཕྱོགས་བསྡོམས་བྱས་ཏེ། དེ་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་ལེགས་པོ་བྱ་རྒྱུར་རེ་བ་འདོན་བཞིན་ཡོད།།
( མཚོ་སྔོན་བོད་ཡིག་གསར་འགྱུར་ནས་དྲངས།)
རྩོམ་གསར། 10