2023-08-21
རང་ཁུལ་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་དང་པོ་སྤེལ།
ད་ལོའི་སྤྱི་ཟླ8པའི་ཚེས15ཉིན་ནི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐེངས་དང་པོ་ཡིན་ཞིང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འདུ་ཤེས་བརྟན་པོ་འཆང་བ་དང་སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏང་ཆེད། ཉིན་དེར། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས།ཁུལ་རང་བྱུང་ཐོན་ཁུངས་འཆར་འགོད་ཅུས། ཁུལ་ནགས་ཚལ་རྩྭ་ཐང་ཅུས། ཁུལ་ཆུ་བེད་ཅུས་སོགས་ཀྱི་ཚན་ཁག་མཉམ་འབྲེལ་བྱས་ཏེ་དར་མདོ་གྲོང་ཁྱེར་མཛའ་གཞས་ཐང་ཆེན་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་གཙོ་དོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཡུལ་དངོས་སུ། དྲིལ་བསྒྲགས་འགྲེམས་པང་དང་ཁོར་ཡུག་སྲུང་སྐྱོང་གི་བློ་འདྲིའི་སྟེགས་བུ་བཙུགས་པ། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ལས་དོན་མི་སྣས་གོ་བདེ་ཤེས་སླའི་ངང་ཡིག་ཐོག་ནས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་དང་།ཕྱིར་སྐྱོད་ནུས་སྲི་དང་འཚོ་བའི་སྤྱོད་ཆུ། འཚོ་བའི་གློག་གྲོན་ཆུང་། འཚོ་བའི་རྒྱུ་ཆས་གྲོན་ཆུང་། གཞུང་དོན་ནུས་ཁུངས་གྲོན་ཆུང་སོགས་ཀྱི་ཐད་ནས་མང་ཚོགས་ལ་ནུས་སྲི་སྙིགས་འཕྲིའི་འགྲེལ་བཤད་བརྒྱབ་པ་རེད། དེ་དང་ཆབས་ཅིག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་གསལ་བཤད་ཞིབ་མོ་དང་། མི་ཚང་མ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ནུས་སྲི་སྙིགས་འཕྲིའི་བྱ་སྤྱོད་ནང་ཞུགས་པར་འབོད་སྐུལ་བཏང་སྟེ། དམངས་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཆང་བར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་།སྐྱེ་ཁམས་ཀྱི་ལྟ་སྲུང་པར་བརྩོན་ལེན་བྱས་ཏེ་ནམ་མཁའ་སྔོ་བ་དང་།ཆུ་མོ་དྭངས་བ།ས་གཞི་གཙང་བའི་ཐཱན་ཉུང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པར་འབོད་སྐུལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནང་དྲིལ་བསྒྲགས་འགྲེམས་པང10བཙུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག3000ལྷག་སྤྲད་པ། མང་ཚོགས200ལྷག་གི་བློ་འདྲི་དང་ལེན་བྱས་པ་རེད། དེ་དང་ཆབས་ཅིག་རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གིས་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་དང་པོ་སྤེལ་བ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10