སྣང་བའི་རོལ་རྩེད།

        2023-08-18

སྤྲིན་དཀར་པོ་དུམ་བུ་དུམ་བུ་རླུང་གིས་གཏོར། །

བྲིས་མི་ཚར་སྲིད་པའི་སྣང་བརྙན་སྣ་ཚོགས་ཤིག །

ངའི་ཚོར་བའི་སྟེགས་བུ་འདི་རུ་འགའ་འོངས་ཏེ། །

ཚིག་ཚོགས་པའི་གསེང་དུ་ཡང་ཡང་གྲམ་ནས་འདུག །

རླུང་བསིལ་བུ་དལ་གྱིས་བདག་གི་ཕྱོགས་སུ་ལྡང་། །

དེ་མ་ཟད་བསྣེམས་པའི་འགྲམ་པ་གཡས་གཡོན་ནས། །

ཡང་བྱིལ་བྱིལ་བྱེད་པའི་སྣང་རྩེད་སྣ་ཚོགས་འདི། །

ངའི་ཚིག་གི་འཁོར་བ་འདི་ཡི་གདུང་འཁོར་ཡིན། །

འོད་ལམ་ལམ་འཚེར་བའི་ཉི་གཞོན་སེར་པོ་འདིས། །

ངའི་ལུས་སྐྱེས་མེ་ཏོག་འདར་འདི་མཐོང་བ་བཞིན། །

མཐོ་ནམ་མཁའ་ཡངས་པའི་ཀློང་ནས་འོད་ཟེར་གྱི། །

དྲོད་གུར་ཆུང་ཕུབ་ནས་བདག་ལ་སྲུང་སྣང་འཆར། །

དེ་ལོས་ཡིན་འཆར་ཡན་བུ་མོ་འཛུམ་ཁ་མའི། །

ལག་སོར་མོའི་གར་སྟབས་བསྒྱུར་ལ་སྤྲོ་དགས་ཕྱུག །

ཕྱི་ཁྲ་ཁྲའི་འཇིག་རྟེན་འཁྱག་གིས་འདར་ཚུལ་འདིས། །

ནང་ཀུན་རྟོག་རླབས་རིས་བཙན་གྱིས་གནོན་ཐབས་ཅི། །

དབྱངས་སྙན་པའི་རྒྱུད་སྐུད་དལ་གྱིས་འཁྲོལ་མོས་ན། །

ངག་གཙང་པོ་འདི་ལ་བཀག་རྒོལ་བྱེད་མཁན་མེད། །

དོན་ཟབ་གནད་ལྡན་པ་བརྗོད་པའི་སྟོབས་མེད་ཀྱང་། །

མི་ཕལ་བའི་སེམས་ཀྱི་ཕྱི་ནང་མཚོན་ཐབས་ཤིག །

སེམས་འདི་ནི་དཀར་ནག་དགེ་སྡིག་སྣ་ཚོགས་ཀྱི། །

དོན་བདེན་རྫུན་གཉིས་ཀ་བླུགས་སའི་སྣོད་ཆེན་ཞིག །

ངའི་སྣོད་འདི་ཡང་དག་བཅུད་ཀྱིས་མ་གཏམས་པར། །

ཡིད་མི་འོང་འབག་བཙོག་དུ་མས་ཡོངས་སུ་གང་། །

རྫོགས་མཐའ་མེད་ཐ་སྙད་ཚིག་གི་ཤེལ་དཀར་ཕྲེང་། །

བགྲང་མི་ཚར་སྲིད་པའི་ཉིན་སྲིབ་གྲངས་མེད་བཞིན། །

འདི་དཀར་ནག་སྣང་མུན་གཉིས་ཀྱི་སོ་མཚམས་ནས། །

ཞེ་དགའ་དང་སྐྱོ་བའི་གྲངས་དང་མཚུངས་པར་བགྲང་། །

༼ ཁངས་མ། ༽


  • ལེ་ཚན་སྔོན་མ།:རྨོ་མོ་སེམས་པའིjདྲོད་ཅིག་ཡིན།
  • ལེ་ཚན་རྗེས་མ།:དྲན་སྣང་གི་སྟོན་མཇུག།